[A:༡༠ན] མངལ་སྐྱེས་ཐམས་ཅད་ཀྱིས་མི་ཐུབ་པར་བྱིན་གྱིས་བརླབས་པ་བརྟུལ་ནས། ཕྱིས་ནང་པ་ལ་ཞུགས་ནས་སློབ་དཔོན་དཔའ་བོ་ཞེས་པ་དང། སློབ་དཔོན་སངས་རྒྱས་བསྐྱངས་ཤེས་མཆོག་བརྙེས་པ་དང། སློབ་དཔོན་ལེགས་ལྡན་འབྱེད་ཅེས་པ་སྐུ་ལུས་དེ་ཉིད་སྤྱན་རས་གཟིགས་ཀྱི་ཞིང་ཁམས་སུ་གཤེགས་པར་གྲགས་པ་དང་། སྔར་བཤད་པའི་སློབ་དཔོན་ན་ག་བོ་དྷི་ཞེས་པ་རིག་པ་འཛིན་པའི་ས་ཐོབ་ནས་ལྷོ་ཕྱོགས་དཔལ་གྱི་རི་ལ་ད་ལྟའང་བཞུགས་ཏེ། སྐལ་བར་ལྡན་པ་རྣམས་ལ་དངོས་སུ་བྱིན་གྱིས་རློབ་པ་སོགས་མཆོག་དང་ཐུན་མོང་གི་དངོས་སྒྲུབ་བརྙེས་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་བྱོན་པའི་ནང་ནས། འཕགས་པའི་དགོངས་པ་གསལ་བར་མཛད་པའི་མཆོག་དཔལ་ལྡན་ཟླ་བ་གྲགས་པ་ནི། ཡུལ་རྒྱ་གར་ལྷོ་ཕྱོགས་ས་མ་ན་ཞེས་པའི་གྲོང་ས་མནྟར། ཡབ་བྲམ་ཟེ་གྲི་རི། ཡུམ་ཟླ་བའི་སྒྲོན་མ་གཉིས་ལ་སྲས་མེད་པ་ལྷ་དབང་ཕྱུག་ཆེན་པོ་ལ་གསོལ་བ་བཏབ་པས། ཁྱེའུ་མཚན་དང་ལྡན་པ་རྨེ་བའི་ག་ཤ་ཅན་ཅིག་འཁྲུངས། མཚན་མཁན་ལ་བསྟན་པས། འདི་མིང་ཟླ་བ་གྲགས་པ་སྟེ། སྟོང་ཉིད་ཏིང་འཛིན་སྨྲ་བར་བྱེད། ཅེས་དང། དེ་ནས་དབང་ཕྱུག་ཆེན་པོ་ལ་དྲིས་པས། འདི་མིང་ཟླ་བ་གྲགས་པ་སྟེ། འདི་ནི་ང་ཡི་རིགས་འདས་ནས། སྒྲ་གཅན་འཛིན་ནས་བདུན་འདས་པའི། མཁན་པོ་ཟླ་བའི་མགོན་པོ་ལ། ན་ལེནྜ་ཡི་གཙུག་ལག་ཁང། རབ་བྱུང་དགེ་སློང་ཆེན་པོར་འགྱུར། སྟོང་ཉིད་ཏིང་འཛིན་སྨྲ་བར་བྱེད། སངས་རྒྱས་བསྟན་པ་འདི་ཡིས་བསྐྱོང་སྐྱོང་། ཞེས་ལུང་བསྟན་པས། ཡུམ་གྱི་བསམ་པ་ལ། ཕའི་རིགས་མི་འཛིན་པའི་བུ་མ་སྐྱེས་པ་དང་འདྲ་ཟེར་ནས། མཁན་པོ་ཟླ་བའི་མགོན་པོ་ལ་ཕུལ། རབ་ཏུ་བྱུང་སྟེ་མདོ་རྒྱུད་ཀྱི་ཚིག་དོན་ལ་སྦྱངས། ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་རབ་ལ་བརྟེན་ནས་མཁས་པ་ཆེན་པོར་གྱུར། སྐྱེ་བ་ལྔ་བརྒྱར་འཕགས་པ་