R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༡༠བ
[A:༡༠བ] འཇམ་དཔལ་གྱིས་བྱིན་གྱིས་བརླབས་ཤིང། དངོས་པོར་འཛིན་པ་བཟློག་པའི་ཕྱིར། རོ་མོར་བྲིས་པའི་བ་ལ་འོ་མ་འཇོས་ཏེ་དགེ་འདུན་གྱི་འཚོ་བ་སྦྱར་ཞིང། རྡོའི་ཀ་བ་ལ་ཕྱག་མི་འཐོག་པ། དུ་རུཥྐའི་དམག་བྱུང་བའི་ཚེ་རྡོའི་སེང་གེ་བསྐུལ་ནས་དམག་བཟློག་སྟེ། ནམ་མཁའ་ནས་ལྷས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། སྟོབས་ལྡན་རྡོ་ཡི་སེང་གེ་བསྐུལ། དུ་རུཥྐ་ཡི་དམག་
ཆེན་
བཟློག། ཤི་རྨས་མེད་པ་ངོ་མཚར་ཆེ། ཞེས་བསྟོད་པ་དེས། རྩ་ཤེའི་འགྲེལ་པ་ཚིག་གསལ་། གསང་འདུས་འགྲེལ་པ་སྒྲོན་གསལ་ཏེ། གསལ་བ་རྣམ་གཉིས་སུ་གྲགས་པ་དང། འཇུག་རྩ་འགྲེལ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད་ཅིང། བཤད་སྒྲུབ་ཀྱི་བསྟན་པ་རྒྱས་པར་མཛད་ནས་ལོ་བཞི་བརྒྱའི་བར་དུ་བཞུགས་སོ། སློབ་དཔོན་འདི་འཕགས་པ་ཀླུ་སྒྲུབ་དངོས་ཀྱི་སློབ་མ་ཡིན་མིན་ལ་མཁས་པ་ཆེན་པོ་ཁ་ཅིག། ཇོ་བོས། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། ཞེས་པའི་དོན་ཆོས་ཀྱི་བརྒྱུད་པ་འཛིན་པའི་མཆོག་ལ་དགོངས་ཀྱི། དཔེར་ན་དབང་ཕྱུག་ལྟེ་བར་ན་ཡོད་ཀྱང་ཕྱོགས་གླང་ཆོས་གྲགས་ཤེས་ཞེས་གྲགས་པ་དང་འདྲ་ཞེས་གསུང་གསུངས་མོད། བཀའ་བརྒྱུད་འདི་པའི་ལུགས་ཀྱི་དངོས་སློབ་ཏུ་བཞེད་དེ། སྒྲོན་གསལ་ལས་ཀྱང། སངས་རྒྱས་ཀུན་གྱི་རིམ་གཉིས་གནས་ཀྱིས་རྒྱས་བཏབ་དེ་ནི་ཀླུ་སྒྲུབ་ལས་རྙེད་པ། ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔར་བཏུད་དེ་ཟླ་བ་གྲགས་པས་རིམ་བཞིན་བཤད། ཅེས་ཚིག་ཟིན་འབྱུང་བ་དང། གཞན་ཡང་གསུང་སྒྲོས་མང་དུ་འབྱུང་ངོ། དེ་ལ་སློབ་དཔོན་ཙནྡྲ་གོ་མི་ལ་སོགས་པ་སློབ་མ་མང་དུ་བྱོན་པ་པས། སྲས་ཀྱི་ཐུ་བོ་རིག་པའི་ཁུ་བྱུག་ཆེ་བ་ནི་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་ཞིང། གཞོན་ནུའི་དུས་ནས་ཟླ་བ་གྲགས་པའི་སྤྱན་སྔར་མཁས་པར་སྦྱངས་ནས་གྲུབ་པ་བརྙེས་ཏེ། སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་ཅིང།