R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༡༡ན
[A:༡༡ན] ལོ་གསུམ་བརྒྱའི་བར་དུ་བཞུགས་སོ། དེའི་སློབ་མ་རིག་པའི་ཁུ་བྱུག་ཆུང་བ་ནི། ཐོག་མར་མཚན་ཉིད་ཐེག་པ་ལ་མཁས་པར་སྦྱངས། ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཐུགས་སུ་ཆུད་དེ། རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་སོ། བླ་མ་ཁ་གཅིག་འདི་རི་ནག་པོའི་ཁོང་སེང་ན་བཞུགས་པའི་བླ་མ་ཨ་བ་དྷུ་ཏཱི་པ་དང་དོན་གཅིག་གསུང་གསུངས་ལ། ཟབ་མོ་ལྟ་བའི་བརྒྱུད་པ་དེ་དག་གི་ཡོན་ཏན་རྫོགས་པར་ཨ་ཏི་ཤ་ལ་མངའ་བ་ཡིན་ནོ། ཤིང་རྟའི་སྲོལ་འབྱེད་གཉིས་པ་རྒྱ་ཆེན་སྤྱོད་པའི་བརྒྱུད་
པ་
ཐོགས་མེད་སྐུ་མཆེད་བྱོན་ཚུལ་ནི། མདོ་དགོངས་འགྲེལ་གྱི་འགྲེལ་ཆེན་དུ་ལུང་དྲངས་པར། ང་ནི་མྱ་ངན་འདས་འོག་ཏུ། ལོ་ནི་དགུ་བརྒྱ་ལོན་པ་ན། ཞེས་དང། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། དེ་ནི་བསྟན་བཅོས་དོན་ལ་མཁས། མདོ་སྡེ་ངེས་དོན་དྲང་བའི་དོན། རྣམ་པ་མང་པོ་རབ་ཏུ་འབྱེད། འཇིག་རྟེན་རིག་པ་སྟོན་བདག་ཉིད། གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། དེ་ཡིས་རིག་པ་གྲུབ་པ་ནི། ས་ལའི་ཕོ་ཉ་མོ་ཞེས་བརྗོད། དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། བློ་ནི་བཟང་པོ་སྐྱེ་བར་འགྱུར། བསྟན་པ་ཡུན་རིང་གནས་བྱའི་ཕྱིར། མདོ་ཡི་དེ་ཉིད་དོན་བསྡུད་བྱེད། ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། འཁོར་བ་རྣམས་སུ་འཁོར་བ་ན། ཡུན་རིང་བདེ་བ་རྗེས་མྱོང་ནས། བདག་ཉིད་ཆེན་པོ་མཐར་གྱིས་ཏེ། བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། ཞེས་ལུང་བསྟན་ཏེ། དེ་ཡང་ཆོས་མངོན་པ་ལ་དགྲ་
ལན་
གསུམ་བྱུང་བའི་ཚེ། བྲམ་ཟེ་མོ་དཔལ་གསལ་བའི་ཚུལ་ཁྲིམས་ཤེས་ཞེས་པས། རྒྱལ་པོའི་རིགས་ཐོགས་མེད་དང། བྲམ་ཟེའི་རིགས་དབྱིག་གཉེན་གཉིས་ལུས་ལས་བསྐྲུན་ཏེ། ཆེར་སྐྱེས་པའི་ཚེ་ཕའི་ལས་གང་ཡིན་དྲིས་པས། མ་ན་རེ། ཁྱོད་དེའི་ཕྱིར་མ་སྐྱེད་ཀྱི་