[A:༡༣བ] ཕ་ཡིན་པས་མཚོ་བསྐམས་ལ་རྩིག་ཏུ་གཞུག་གོ། ཞག་བདུན་བདུན་ན་མཆོད་པ་ཆེན་པོ་གྱིས་ཤིག་ཟེར་ཏེ་དེ་བཞིན་བྱས་པས། ཞག་ཉེར་གཅིག་ན་མཚོ་བསྐམས་ཏེ། ཨོ་ཏནྟ་པུ་རིའི་གཙུག་
ལག་
ཁང་བཞེངས་སོ། རྒྱལ་པོ་དེ་ལ་སྲས། རྒྱལ་པོ་དང། པཎྜི་ཏ་དང། གྲུབ་ཐོབ་དང། སྡིག་སྤྱོད་ཀྱི་རྒྱལ་པོ་དང་བཞི་ལས། ཐ་མ་ནོར་གྱིས་བྲེལ་དོགས་ནས་ནོར་བུ་བྱིན་ནོ། དེའི་སྲས་བདེ་བ་པཱ་ལ་ཞེས་པ་བྱུང། དེའི་སྲས་རྒྱལ་པོ་ས་སྐྱོང་ཡིན་ཏེ། དེས་གོང་དུ་བཤད་པ་ལྟར་སློབ་དཔོན་སེང་གེ་བཟང་པོ་སྤྱན་དྲངས་ཏེ་སྦྱིན་བདག་མཛད་ནས། འཕགས་པའི་འགྲེལ་པ་དང་མཐུན་པར་ཉི་ཁྲི་ལེའུ་བརྒྱད་མ་དང། བརྒྱད་སྟོང་པ་དང་སྦྱར་བ། བརྒྱད་སྟོང་འགྲེལ་ཆེན་དང། ཡུམ་གསུམ་ཆར་གྱི་རྒྱན་དུ་བསྒྲུབ་པ་འགྲེལ་པ་དོན་གསལ་དང། གཞན་ཡང་རྒྱུད་འགྲེལ་རྟོགས་པར་སླ་བ་དང། ཤེར་ཕྱིན་བསྒོམ་པ་ལ་འཇུག་པ་ལ་སོགས་པ་མཛད་དོ། བསྟན་པ་ཆེས་གསལ་བར་མཛད་དོ། དེའི་སློབ་མ་ཀུ་པཱ་ལི་ཆེ་བ་ཡིན་ལ། ཀུ་པཱ་ལི་ནི་བོད་སྐད་དུ་དགེ་བ་ཅན་ཞེས་ཏེ། མཚན་དངོས་ནི་ཆེ་བ་ལ་རིན་ཆེན་བཟང་པོ། ཆུང་བ་ལ་རིན་ཆེན་མདོ་ཟེར། ཆེ་བ་ནི་རིགས་བྲམ་ཟེ་ཡིན་ལ། ལུང་གི་ཡོན་ཏན་རིག་པའི་གནས་མཐའ་དག་ལ་མཁས་པ། འཇམ་དཔལ་དབྱངས་ལ་ཆོས་དངོས་སུ་གསན་པས་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཅིང། ལམ་ཡིག་ལས། སངས་རྒྱས་མྱ་ངན་ལས་འདས་ནས་བསྟན་པ་འོད་སྲུངས་ཆེན་པོ་ལ་གཏད། དེས་ཀུན་དགའ་བོ་ལ། དེས་གཅིག་ནས་གཅིག་ཏུ་བརྒྱུད་པའི་མན་ངག་མངའ་བ་ཀུ་པཱ་ལི་ཆེ་བ་ཡིན། གསང་བ་འདུས་པ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པའི་མན་ངག་སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པ། སངས་རྒྱས་ཡེ་ཤེས་ཞབས་ནས་བརྒྱུད་པ། ཨིནྜྲ་བྷུ་ཏི་