[A:༡༤བ] འོད་ཀྱིས་ཁྱབ་པར་མཛད་དེ། གླིང་དེ་སྔར་བས་བདུན་འགྱུར་གྱིས་ལོ་ལེགས་པ། ནད་ཉུང་བ་སོགས་བཀྲ་ཤིས་པར་གྱུར་པས་གསེར་གླིང་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་དད་དེ། རྒྱལ་བུ་འདི་རྒྱ་གར་དུ་ཆོས་སློབ་ཏུ་གཏང་ན་ལེགས་ཟེར་བས། རྒྱལ་བུ་དགྱེས་ཏེ། ཐོག་མར་རྡོ་རྗེ་གདན་སྟོན་པ་མངོན་བར་བྱང་ཆུབ་པའི་གནས་ཡིན་པས་དེར་བྱོན། སྲིན་པོ་མཆོད་པ་བྱེད་པ་དང་
དུས་
འཛོམས་ཏེ། གང་ཟག་ཡོན་ཏན་ཅན་རྣམས་ཀྱང་འདུ་བ་ལས། སློབ་དཔོན་མ་ཧཱ་ཤྲཱི་རཏྣཱ་ཞེས་པ་མཆོག་གི་དངོས་གྲུབ་བརྙེས་པ་ཞིག་བྱོན་པ་ལ། དམ་པ་གཞན་ལས་ཀྱང་དེ་ལ་ལྷག་པར་དད་དེ་ཞག་བདུན་འགྲོགས་ནས་སློབ་དཔོན་མི་སྣང་བར་གྱུར། དེར་གནས་ཐམས་ཅད་དུ་བཙལ་ཀྱང་མ་རྙེད་དོ། རྒྱལ་བུ་རང་གི་ཡུལ་དུ་འགྲོ་སྙམ་པ་ལ། མདུན་དུ་བུ་མོོ་གཉིས་གླུ་ལེན་ཏེ། གཉེན་འདུན་མཛའ་བཤེས་མང་པོ་དང་། ཡུལ་དང་ཁང་ཁྱིམ་ནོར་ཆེན་དང། ཟས་སྐོམ་གོས་ཀྱིས་ལོངས་སྤྱོད་པ། མྱ་ངན་སྐྱེ་བར་འགྱུར་བ་སྟེ། ཆོས་དང་རིང་དུ་འགྱུར་བ་ཡིན། ནོར་མ་རྙེད་ཀྱི་ཚོང་པ་དག། ཡུལ་དུ་སྟོང་པར་ལྡོག་པ་འདྲ། ཟེར་བས་ངེས་པར་ང་ལ་ཟེར་སྙམ་ཙ་ན་མི་སྣང་ངོ། དེར་རྒྱལ་བུ་དགྱེས་ཏེ་ཆོས་སྐྱོང་མ་ཞིག་ཡིན་པ་ལ་འདྲི་ས་མེད་ཀྱང། ལོང་ཡོད་ཀྱི་སྙམ་སྟེ། ལོ་བདུན་རྒྱ་གར་དུ་བཞུགས་ནས་བླ་མ་མང་པོ་ལ་ཆོས་གསན། རིགས་པ་བསླབས་མཁས་པར་གྱུར། རྡོ་རྗེ་གདན་དུ་རྒྱལ་བུ་མཆོད་པ་བྱེད་ཅིང། ཆོས་སྐྱོང་མ་དེ་དང་འཕྲད་ན་སྙམ་པ་ན། རྒན་མོ་གཅིག་ན་རེ། སྐམ་སར་ཆུ་ནི་དྲངས་པ་བཞིན། ཉིན་དང་མཚན་མོ་འདས་པ་ཡིས། མི་རྣམས་ཚེ་ནི་ཟད་པར་བྱེད། རྨོངས་པ་ལོང་ཡོད་མ་ཟེར་ཅིག། ཟེར་ནས་མི་སྣང་ངོ། དེར་རྒྱལ་བུས་སློབ་དཔོན་མ་ཧཱ་ཤྲཱི་རཏྣཱ་འབའ་ཞིག་ཡིད་ལ་བྱས་པས། རྒྱལ་བུའི་རྨི་ལམ་དུ་སློབ་དཔོན་བྱོན་ཏེ་