R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༡༥བ
[A:༡༥བ]རྣམ་ཐར་ཆོས་ཀྱི་འབྱུང་གནས་སུ་གསལ་ལོ། དེ་ནས་བླ་མ་དང་མཇལ་བས་གཅིག་ལ་གཅིག་ངོ་མཁྱེན་པར་གྱུར་ཏེ། ཇོ་བོའི་དབུ་ལ་ཕྱག་གཞག་ནས་ཤིས་པ་མང་པོ་བརྗོད། བླ་མའི་ཞལ་ནས། ཁྱོད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སློབ་ནུས་སམ། འདིར་ལོ་བཅུ་གཉིས་སྡོད་ཁོམ་མམ་གསུང་བ་ལ། ཇོ་བོས་ཞལ་གྱིས་བཞེས་པས་མཉེས་ཏེ། བསྟན་པའི་བདག་པར་མངའ་གསོལ་བའི་རྟེན་འབྲེལ་ཡིན་གསུངས་ནས་སྔར་རྙེད་པའི་
སྟོན་
པའི་གསེར་སྐུ་ཡང་གནང། དེ་ནས་ལོ་བཅུ་གཉིས་སུ་དབུ་སྔས་སྦྲེལ་ཏེ་ཐེག་པ་ཆེན་པོའི་ཆོས་མཐའ་དག་གསན། ཤིང་རྟ་ཆེན་པོའི་སྲོལ་རྒྱ་ཆེན་སྤྱོད་པའི་བརྒྱུད་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པར་མཛད་པས། བླ་མ་རྣམས་ཀྱི་ནང་ནས་བཀའ་དྲིན་མཆོག་ཏུ་འཛིན་པར་མཛད་དོ། དབུ་མའི་ལྟ་བའི་གནད་རྣམས་ནི་གསེར་གླིང་པ་ལ་ཡར་བསྟན་ཅིང། གསང་སྔགས་ཀྱི་ཆོས་རྣམས་གསན་རེས་མཛད་ཅེས་རྣམ་ཐར་ལས་འབྱུང་ཞིང། གཞན་ཡང་བཀའ་གདམས་ཀྱི་རྣམ་ཐར་དཀོན་མཆོག་གི་མཆོད་པ་ཕུན་སུམ་ཚོགས་པའི་སྲོལ་ཡང། བླ་མ་གསེར་གླིང་པའི་ཕྱག་སྲོལ་ཡིན་གསུང། རྒྱས་པར་གཞན་དུ་བལྟའོ། ༑ རྒྱུད་པ་གསུམ་པ་ཉམས་ལེན་བྱིན་བརླབས་ཀྱི་བརྒྱུད་པ། ཐེག་པ་ཆེན་པོ་གསྔགས་ལ། ཆོས་ཁུངས་བཙུན་པར་རྟོགས་པའི་ཕྱིར། རྒྱུད་གསུངས་ཚུལ་ནས་བརྒྱུད་པ་ཟམ་མ་ཆད་པར་གོང་མ་རྣམས་ཀྱང་འདོད་པ་རིང་བརྒྱུད་དང། ཧེ་རུ་ཀ་དང། ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་དངོས་སུ་ཆོས་གསན་ནས། དེ་ཉིད་ལས་བརྒྱུད་པ་ཉེ་བརྒྱུད་དང་གཉིས་ལས། དང་པོ་ནི། སློབ་དཔོན་ཀུན་དགའ་སྙིང་པོའི་བཞེད་པ་ཁྱབ་འཇུག་ལ་སོགས་པའི་རྒྱུད་ལ་མངོན་བར་དགའ་ཞིང། ཡུལ་ཡོངས་སུ་མི་སྤོང་བའི་འདོད་ཆགས་ཅན་རྣམས་རྗེས་སུ་གཟུང་བའི་དོན་དུ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་གསང་བ་འདུས་པ་གསུངས་པར་བཞེད་