[A:༡༦བ] ལ་གཏོད་སྨིན་པར་མཛད་པས། དེ་རྣམས་རིམ་གྱིས་མི་གཟུགས་སུ་བསྒྱུར་ཏེ་མཚོའི་འགྲམ་དུ་གྲོང་ཁྱེར་བྱས་ནས། རྡོ་རྗེའི་ཐེག་པ་ཉམས་སུ་བླངས་པས་ཕལ་ཆེར་གྲུབ་པ་བརྙེས་པར་གྱུར་ཏེ། སྐྱེས་པ་རྣམས་ནི་དཔའ་བོ། བུད་མེད་རྣམས་ནི་མཁའ་འགྲོ་མར་གྱུར་ཏེ། དེའི་ཚེ་སྒྲུབ་པའི་སྐལ་བ་མེད་པ་རྣམས་གཞན་དུ་དེངས་ཏེ། མཚོ་དེ་ཡང་བསྐམས་པར་གྱུར་ནས། དེའི་ཤུལ་དུ་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་ཞེས་བྱ་བ་བྱོན། དེར་ཡེ་ཤེས་ཀྱི་དཔའ་བོ་དང་མཁའ་འགྲོ་མ་བཞུགས་ཤིང། ཕྱག་ན་རྡོ་རྗེས་གསང་བ་འདུས་པ་ལ་སོགས་པའི་རྒྱུད་སྡེ་རྣམས་རིན་པོ་ཆེ་ཞུན་མས་བྲིས་པའི་གླེགས་བམ་དེ་རྣམས་ལ་གཏད་དོ། དེ་ནས་རྡོ་རྗེ་ཐེག་པ་རྒྱ་གར་དུ་དར་བའི་ཚུལ་ནི། དེའི་ཚེ་རྒྱ་གར་ལྷོ་ཕྱོགས་ཨོ་དྷྱ་ཤ་ན་རྒྱལ་པོ་བི་སུ་ཀལྤ་ཞེས་བྱ་བ་མཚན་ཉིད་ཀྱི་ཐེག་པ་ལ་མཁས་པ་ཞིག་
བཞུགས་
པ་སྟེ། དེའི་ཐུགས་དགོངས་ལ་ཕ་རོལ་དུ་ཕྱིན་པའི་ཚུལ་འདིར་ལས་དང་པོ་པས། འདོད་ཡོན་སྤངས་ནས་དཀའ་ཐུབ་དང་དཀའ་སྤྱད་ཀྱིས་བསླབ་པ་གསུམ་གྱི་ལམ་བསྒོམས་ཏེ། ཉོན་མོངས་སྤངས་ནས་བྱང་ཆུབ་བསྒྲུབ་པར་གསུངས་པ་གཙོ་ཆེར་སྣང་ལ། ཡང་མདོ་ལས། སེམས་ཅན་ཉིད་བྱང་ཆུབ་ཡིན་པ་དེའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱའོ། ཞེས་སོགས་དབང་པོ་རྣོན་པོས་དང་པོ་ནས་སེམས་ཅན་སངས་རྒྱས་སུ་བསྒོམ་པའི་ཚུལ་དང། གཞན་ཡང་མདོ་སྡུད་པ་དང། འོད་སྲུངས་ཀྱིས་ཞུས་པ་ལས་ཀྱང། འདོད་ཡོན་ལ་སྤྱོད་བཞིན་དུ་བསླབ་པ་གསུམ་ལ་སློབ་པའི་ཚིག་གི་ས་བོན་བྱུང་བ་ལས། ཉམས་སུ་ལེན་ཚུལ་གསལ་བར་བསྟན་པ་མ་བྱུང་བས། དེ་ལྟ་བུའི་ཐེག་པ་མཆོག་གཅིག་དང་མཇལ་བར་ཤོག་ཅིག་ཅེས་སྨོན་པའི་ཚེ། རྨི་ལམ་དུ་མཁའ་འགྲོ་མས་ཁྱོད་དེ་ལྟ་བུའི་ཐེག་པ་མཆོག་འདོད་ན། འདི་ནས་བྱང་ཕྱོགས་སུ་ཕྱིན་པ་ན་དཔལ་ཨོ་རྒྱན་གྱི་ཡུལ་ཞེས་བྱ་བར་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་ན་དཔལ་གསང་བ་འདུས་པ་ལ་སོགས་པའི་རྒྱུད་སྡེ་