[A:༡༧ན] རིན་པོ་ཆེ་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་མས་བདག་བྱས་ནས་ཡོད་པས། དེར་སོང་ལ་ཞུས་ཤིག་ཅེས་ལུང་བསྟན་ནོ། དེར་རྒྱལ་པོས་དཔལ་ཨོ་རྒྱན་གྱི་གནས་སུ་བྱོན། ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་གི་སྒོ་བཞི་ལ་རིམ་པ་བཞིན་ཕྱག་དང། སླར་ཡང་ཤར་སྒོ་ནས་ཕྱག་བྱས་གསོལ་བ་བཏབ་པས། བུད་མེད་གཅིག་བྱུང་སྟེ་དེ་ནི་ཀླུ་ལས་གྱུར་པའི་རྣལ་འབྱོར་མར་གྲགས། དེས་ཁྱོད་རྒྱལ་པོ་བི་སུ་ཀལྤ་ཡིན་ནམ་གསུང་གསུངས་ཡིན་ཞུས་པས་ལྷ་ཁང་གི་ནང་དུ་ཁྲིད། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་མངོན་སུམ་དུ་བཅུག། དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་བསྟན་པ་མཐའ་དག་གནང་ནས་གླེགས་བམ་གཏད། དེས་ཀྱང་དེའི་དོན་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་སོ། དེའི་ཚེ་ཡུ་རཱ་ཌའི་བྲམ་ཟེ་གཅིག་ལ་སྲས་བཞི་ཡོད་དེ། དེ་རྣམས་གཞོན་ནུའི་དུས་ནས་སྒྲའི་བསྟན་བཅོས་ལ་སོགས་པ་རིག་པའི་གནས་རྣམས་ལ་ལེགས་པར་སྦྱངས་ནས། ཕྱིས་བསྟན་པ་ལ་དད་པར་གྱུར་པ་དང། དེའི་ནང་ནས་གཅིག་སྲས་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང་སྟེ། མཚན་ཡང་སྒྲ་གཅན་འཛིན་བཟང་པོར་བཏགས་སོ། དེས་ཕྱི་མཚན་ཉིད་ཀྱི་སྡེ་སྣོད་ལ་ལེགས་པར་སྦྱངས་པས་མཁས་པ་ཆེན་པོར་གྱུར་ཏེ། དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་གི་མཁན་པོ་མཛད་དེ། བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་དང། རྒྱལ་པོ་བི་སུ་ཀལྤ་ལ་མཁའ་འགྲོ་མས་གནང་བའི་གསང་སྔགས་ཀྱི་ཆོས་ཡོད་པ་ཐོས་ནས་དད་ནས། དེའི་དྲུང་དུ་སོང་སྟེ། མཎྜལ་སྔོན་དུ་འགྲོ་བས་གུས་པ་དང་བཅས་ཏེ་གསོལ་བ་བཏབ་པས། དེས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར། རྒྱུད་བཤད། གདམས་པ་དང་རྗེས་སུ་བསྟན་པ་མཐའ་དག་གནང་ངོ། དེས་ཀྱང་དེའི་དོན་ཉམས་སུ་བླངས་པས་སྐྱེད་རྫོགས་ཀྱི་དོན་ལ་བརྟན་པ་ཅུང་ཟད་ཐོབ་པ་དང།