[A:༡༧བ] མཐར་ཕྱིན་པར་བྱ་བའི་ཕྱིར་འཕགས་པ་ཀླུ་སྒྲུབ་ལ་བསྟན་པ་གཏད་དེ་སྤྱོད་པ་ལ་གཤེགས་སོ། དེའི་ཚེ་མདའ་འཕེན་པའི་སྤྱོད་པ་མཛད་དེ། མདའ་ལེགས་པར་བསྲངས་ན་གནད་དུ་འཕོག་པ་བཞིན་དུ། སེམས་ཅན་ཉིད་གནས་ལུགས་ཀྱི་སྟེང་དུ་བསྲོངས་ན་གྲོལ་བར་རྟོགས་ཏེ། རྟོགས་པ་དང་མཆོག་བརྙེས་སོ། དེ་ནས་ས་ར་ཧ་སྟེ་མདའ་བསྣུན་ཞེས་གྲགས་ལ། དེས་རང་གིས་རྟོགས་པའི་དོན་གླུར་བླངས་པ། ད་ཧོ་མཛོད་ཅེས་གྲགས་པ། དམ་པ་ད་ཧོ་ཡིན་ལ། བོད་ན་ད་ཧོ་སྐོར་གསུམ་མཛད་ཅེས་ཟེར་ཡང། རྒྱལ་པོ་ད་ཧོ་དང། བཙུན་མོ་ད་ཧོ་ནི། བལ་པོ་ཨ་སུས་ཁ་གཡར་ནས་བྱས་པར་བལ་པོ་ན་གྲགས་ཤེས་ཞེས་ཆོས་རྗེ་བུ་སྟོན་གསུང་ངོ། མཐར་དཔལ་གྱི་རི་ལ་གཤེགས་ཏེ་ལོ་སུམ་
སྟོང་
བཞི་བརྒྱ་བཞུགས་ནས་སྐལ་ལྡན་གྱི་དོན་མཛད་ཅེས་འབྱུང་ངོ། དེའི་ཚེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་སོང་བ་ན་འཕགས་པ་ཀླུ་སྒྲུབ་བྱོན་ཏེ། དེའི་རྣམ་ཐར་གོང་དུ་བཤད་ལ། དེས་བྱིན་གྱིས་བརླབས་པ་ནི་དཔལ་ཤ་ཝ་ར་དབང་ཕྱུག་ཡིན་ཏེ། ཁ་གཅིག་ས་ར་ཧ་དང། ཤ་ཝ་ར་དབྱུག་གཅིག་ཏུ་འདོད་པ་ནི་མི་འཐད་དེ། འདི་དང་པོ་གར་མཁན་གྱི་རིགས་ཡིན་པར་བཤད་ཅིང། རི་ཁྲོད་དབང་ཕྱུག་ཅེས་ཀྱང་ཟེར། དེས་གླེན་མུ་ཡི་ས་ལ། དེས་རྒྱལ་པོ་བི་མ་ལ་ཙནྟྲའམ། དྲ་རི་ཀ་པ་དང། སློབ་དཔོན་བྲམ་ཟེའི་རིགས་ཌེམ་ཀི་པ་གཉིས་ལས། དྲ་རི་ཀ་པས། སློབ་དཔོན་རྡོ་རྗེ་དྲིལ་བུ་པ་ལ། དེས་རུས་སྦལ་ཞབས། དེས་ཛ་ལནྡྷ་ར་པ། དེས་ནག་པོ་སྤྱོད་པ། དེས་གུ་ཧྱ་པ། དེས་རྣམ་རྒྱལ་ཞབས་ལའོ། དེ་རྣམས་ཀྱི་རྣམ་ཐར་དོན་དུ་གཉེར་ན་གསང་འདུས། བདེ་མཆོག་གི་ཆོས་འབྱུང་དུ་བལྟ་བར་བྱའོ། དེ་ནས་ཏེ་ལོ་པ། ནཱ་རོ་པ་རྣམས་ལས་བརྒྱུད་པ་རིང་རྒྱུད་ལྟ་བུ་ཡིན་ཀྱང་། འདི་དག་དང་འོག་ནས་སོ་སོའི་བརྒྱུད་པ་འབྱུང་བ་ལ་ཡང་རིང་རྒྱུད། ཉེ་རྒྱུད། བྱིན་བརླབས་ཀྱི་བརྒྱུད་པ་གསུམ་ཀ་འབྱུང་མོད།