R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༡༨ན
[A:༡༨ན] འདིར་བྱིན་བརླབས་ཀྱི་
བརྒྱུད་པ་སྟེ་
བརྒྱུད་ཀྱི་དབང་དུ་བྱས་ན། ཏེ་ལོ་པའི་རྣམ་ཐར་ནི། དེ་དང་པོ་རྒྱལ་རིགས་ལས་རབ་ཏུ་བྱུང་སྟེ། མཚན་ཤེས་རབ་བཟང་པོ་ཞེས་པར་བཏགས། རིམ་པའི་གནས་རྣམས་ལ་སྦྱངས་པས་མཁས་པ་ཆེན་པོར་གྱུར་ནས། བླ་མ་རྣམ་རྒྱལ་ཞབས་ལ་གཏུགས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་མན་ངག་དང་བཅས་པ་ཞུས། དེར་བླ་མས་ལུང་བསྟན་ཏེ། ཤར་ཕྱོགས་བྷ྄ཾ་ག་ལའི་རྒྱུད། ཧ་རི་ཀེ་ལ་ཞེས་བྱ་བ་ཟ་ཧོར་གྱི་གྲོང་ཁྱེར་དེ་ན་སྤྲུལ་པའི་རྒྱལ་པོ་ཨུཏ་མ་སྐྱེས་པ་ཞེས་བྱ་བས་བྱིན་གྱི་བརླབས་པའི་སྒྲུབ་ཐག་ཉེ་བ་ཡོད། དེ་ན་པཉྩ་ཏི་པི་ནི་ཞེས་བྱ་བའི་ཚོང་འདུས་ན་སྨད་འཚོང་མ་ཏིལ་བརྡུང་བ་ཞིག་ཡོད་ཀྱི། དེའི་གཡོག་གྱིས་ལ་རྟོགས་པ་སྦྱོངས་ཤིག། ཅེས་ལུང་བསྟན་ནས་དེར་བྱོན་ཏེ། སྨད་འཚོང་མའི་གཡོག་བྱས་པས་མོས་ཏིལ་བརྡུང་དུ་བཅུག་སྟེ། སློབ་དཔོན་གྱིས་ཏིལ་བརྡུངས་ཤིང་ཉམས་སུ་བླངས་པས། ཏིལ་ལ་མར་གནས་ཀྱང་བརྡུང་བ་དང་བཙིར་བ་མ་བྱས་ན་མངོན་དུ་མི་འགྱུར། དེ་བཞིན་དུ་རང་སེམས་སངས་རྒྱས་སུ་གནས་ཀྱང་ཉམས་ལེན་མ་བྱས་ན་མངོན་དུ་མི་འགྱུར་བར་དགོངས་ཏེ། ཉམས་སུ་བླངས་པས་དེ་ཁོ་ན་ཉིད་མངོན་སུམ་དུ་གྱུར་པའི་རྟོགས་པ་སྐྱེས་ཏེ། རྡོ་རྗེ་འཆང་གི་མངོན་སུམ་དུ་དབང་བསྐུར། བྱིན་གྱིས་བརླབས་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ། དེར་སྨད་འཚོང་མས་ཁོང་མཚན་མོ་ནམ་མཁའ་ལ་མེ་དཔུང་འབར་བའི་དབུས་ན་འདུག་པ་མཐོང་སྟེ་འགྱོད་ནས་བཤགས་པ་བྱས། རྗེས་སུ་གཟུང་བར་གསོལ་བ་བཏབ་པས། དེ་དབུར་བྱིན་གྱིས་བརླབས་པས། མོས་ཀྱང་དངོས་གྲུབ་ཐོབ་ནས་རྒྱལ་པོ་ལ་སྨྲས་པས། རྒྱལ་པོ་འཁོར་དང་བཅས་པ་སློབ་དཔོན་ལ་མཇལ་དུ་འོངས་པ་ལ། ནམ་མཁར་བཞུགས་ནས་ཏིལ་མར་གྱིས་དཔེས་མཚོན་པའི་ཟབ་ཆོས་མང་པོ་གསུངས་པས། རྒྱལ་པོ་འཁོར་