[A:༡༨བ] བཅས་དད་དེ། ཉམས་སུ་བླངས་པས་མཁའ་སྤྱོད་གྲུབ་སྟེ། རེ་ཤིག་ཡུལ་དེ་སྟོངས་པ་ཙམ་དུ་གྱུར་ཏོ། དེའི་སློབ་མ་ནཱ་རོ་པ་ནི། ཡབ་ཁ་ཆེ་བ་ཡིན། ཁ་གཅིག་རྒྱལ་རིགས་སུ་བཞེད་དེ། ཁུངས་ཐུབ་ལས་བྲམ་ཟེའི་རིགས་སུ་གསུངས་པས། དེ་ལ་དཀར་ནག་བརྒྱད་ཡོད་པའི་ནང་ནས་བཟང་ཤོས་ནཱ་རོ་ཏ་པ་ཞེས་བྱ་བའི་རིགས་ཡིན། དེ་དང་པོར་སྒྲ་ལ་སོགས་པ་རིག་པའི་གནས་ཐམས་ཅད་ལ་སྦྱངས་པའི་མཁས་པ་ཆེན་པོར་གྱུར་ནས་ཕྱིས་སངས་རྒྱས་ཀྱིི་བསྟན་པ་ལ་ཏབ་ཏུ་བྱུང་ཏེ། མཚན་ཛྙ་ན་སིནྡྷི་ཞེས་གྲགས་ལ། ནཱ་རོ་འགྲེལ་ཆེན་ལས་སྙན་གྲགས་བཟང་པོ་ཞེས་བཤད་དེ། མཚན་བརྒྱད་ཡོད་པའི་གཅིག་ཡིན་ནོ། དེ་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་ཤིང་ཡོངས་རྫོགས་ཀྱི་པཎྜི་ཏར་གྱུར་ཏོ། དེའི་ཚེ་དཔལ་ན་ལེནྡྲ་ན་མཁས་པ་སྒོ་དྲུག་ཏུ་གྲགས་པ་ཡོད་པའི་ཤར་སྒོ་ཤཱནྟི་པ། ལྷོ་སྒོ་དབང་ཕྱུག་གྲགས་པ། ནུབ་སྒོ་ཤེར་འབྱུང་བློ་གྲོས། དབུས་ན་ཛྙ་ན་མེ་ཏྲ་དང། རིན་ཆེན་རྡོ་རྗེ་གཉིས་ཡོད་ཅིང། ནཱ་རོ་པ་བྱང་སྒོ་བར་གྲགས། དེས་ཐོས་བསམ་བཤད་ཉན་གྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པའི་ཚེ། བདག་ཤེས་བྱ་རིག་པའི་གནས་ལ་མཁས་ཀྱང་རང་གི་སེམས་བ་འཇོ་བའི་ཡུན་ཙམ་དུའང་མི་གནས་པས་སེམས་ལ་དབང་ཐོབ་པའི་གདམ་ངག་ཅིག་དགོས་པར་འདུག་སྙམ་ནས། གནས་དབེན་པར་དཔལ་འཁོར་ལོ་སྡོམ་པའི་ཉེ་སྙིང་ཡི་གེ་བདུན་པ་ལ་བསྙེན་པ་འབུམ་ཕྲག་བདུན་བྱས་པས་ས་གཡོ་བ་ལ་སོགས་པའི་ལྟས་བྱུང་ནས། ཤར་ཕྱོགས་སུ་བླ་མ་ཏེ་ལོ་པའི་དྲུང་དུ་སོང་ཞིག་ཅེས་
མཁའ་
འགྲོ་མས་ལུང་བསྟན་ཏོ། དེ་ནས་རང་གི་གྲོགས་པོ་ལ་སྦྲན་པས་རིན་ཆེན་རྡོ་རྗེ་ན་རེ། ཁོ་བོ་ཡོངས་རྫོགས་ཀྱི་པཎྜི་ཏར་གྱུར་ནས། ཀུ་སཱ་ལའི་རྐང་པ་ལ་ཕྱག་མི་འཚལ་ཟེར་ནས་འགྲོར་མི་ཉན། དེར་སློབ་དཔོན་གྱིས་རྒྱ་གར་ཤར་ཕྱོགས་ཛྭ་ར་བི་ཧ་ར་ཞེས་པ་དེར་བྱོན་ཏེ་