[A:༡༩ན] མི་ཐམས་ཅད་ལ་ཏེ་ལོ་པ་ག་ན་ཡོད་དྲིས་པས། ལ་ལ་ན་རེ་རབ་ཏུ་བྱུང་བའི་ཆ་ལུགས་སུ་བཞུགས་ཟེར། ལ་ལ་ན་རེ་རྡོར་པའི་ཆ་ལུགས་སུ་བཞུགས། རེས་འདིར་འོང། རེས་བི་ཧ་རའི་གཙུག་ལག་ཁང་དུ་འགྲོ་བ་ཡིན་ཟེར་ཏེ་མ་རྙེད། ལན་གཅིག་རིམས་ནད་འཕྲོག་པའི་ལྷ་ཁང་ན་ཐམས་ཅད་ཆོས་སྟོན་ཟ་བའི་ཚེ། དགེ་འདུན་གྱི་གྲལ་བྱེད་པའི་ཕྱི་རོལ་ན་མེ་དཔུང་ཡོད་པའི་དྲུང་དུ་མི་སྔོ་བ། རིད་པ། ཉི་ལྷགས་ཀྱིས་ཁྱེར་བ། འདོམས་དཀྲིས་ཀྱི་རས་ཙམ་ལས་གོས་མེད་པ་ཞིག་བྱུང་སྟེ། ཉ་མ་ཤི་བ་ཁ་གཅིག་ཁྱེར་ནས་མེ་གསེབ་ཏུ་བཅུག་ཅིང་བསྲེགས། དེ་ནཱ་རོ་པས་མཐོང་སྟེ་འདི་ལྟར་མ་བྱེད་བྱས་པས། ཉ་བསྲེགས་པ་ཆུར་བཅུག་སྟེ་ཕུས་བཏབ་པས་མ་ཤི་བར་སོས་སོ། འདི་ནུས་པ་ཐོབ་པ་གཅིག་འདུག་པས་ཏེ་ལོ་པ་ཡིན་ནམ་སྙམ་པ་དང། ནཱ་རོ་པ་ང་ཏེ་ལོ་པ་ཡིན་ཟེར། དེ་ལ་སོགས་པ་མངོན་བར་ཤེས་པ་མང་དུ་གསུངས་པས། ཏེ་ལོ་པ་ཡིན་པར་ཡིད་ཆེས་ནས་ཕྱི་བཞིན་དུ་འབྲངས་ཏེ། དཀའ་བ་སྤྱོད་པ་བཅུ་གཉིས་ལ་སོགས་པ་དུ་མས་ཏེ་ལོ་པ་མཉེས་པར་མཛད་པ་ནི་གཞན་དུ་གསལ་ལོ། དེ་ནས་དབང་དང། རྒྱུད་དང། མན་ངག་ལ་སོགས་པ་མཐའ་དག་རྫོགས་པར་གནང་ནས། མཚོན་བྱའི་དོན་ཞུས་པས། ཀྱེ་ཧོ། འདི་ནི་རང་རིག་ཡེ་ཤེས་ཆེན་པོ་སྟེ། ངག་གི་ལམ་འདས་ཡིད་ཀྱི་དཔྱོད་ཡུལ་མིན། ཏེ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། རང་ལ་རང་གིས་བསླན་ཏེ་ཤེས་པར་བྱོས། ཤེས་ཞེས་གསུངས་ཏེ། འདིས་ནི་རྒྱ་མཚོ་དང་འདྲ་བའི་དོན་མཚོན་པ་བསྟན་ནས། ཆུ་བོ་དང་འདྲ་བའི་མཚོན་བྱེད་རྩ་རླུང་ལ་སོགས་པའང་གནང་སྟེ། ཁྱོད་སྒྲུབ་པ་སྙིང་པོར་གྱིས་ཤིག་ཅེས་གསུངས་ནས་མི་སྣང་བར་གྱུར། དེ་ནས་ནཱ་རོ་པས་ཀྱང་བཤད་པ་དང་སྒྲུབ་པ་གཉིས་ཀ་