[A:༡༩བ] མཛད་ཅིང་བསྒོམས་པས་རྟོགས་པ་སྐྱེས་ཏེ་གླུར་བླངས་པ་ནི། འཆར་བ་མེད་ཅིང་ནུབ་པ་མེད། ཉིན་མོ་མེད་ཅིང་ནུབ་མོ་མེད། བླ་མའི་རྟོགས་པས་རྨོངས་པ་བཅད་དེ་སོང། གར་འགྲོ་གང་དུ་གནས་པ་མ་ཤེས་ཏེ། བདེན་བདེན་གྱིས་ནིི་དབང་པོའི་གྲོང་འདི་བཅོམ། བསམ་དུ་མེད་པའི་རྣལ་འབྱོར་དེ་ལས་སྐྱེས། དེ་ལས་བདག་གིས་ཅི་ཞིག་བསམ་པར་བྱ། ཕྱོགས་རྣམས་སྟོང་ཞེས་རང་ཡང་རྣམ་པར་བྲལ། གང་བལྟས་དེ་ནི་རྟག་ཏུ་དེ་ཡིན་ཏེ། གཉུག་པའི་ཡིད་ནི་གདོད་ནས་སྟོང་པར་སོང། རྒྱུ་དང་འབྲས་བུས་བཏང་སྙོམས་དག་ཏུ་དོར། འདི་ཡི་ཁྱད་པར་ཏེ་ལོ་པ་དབང་ངོ། ཞེས་གསུངས་སོ། དེ་ལྟ་བུའི་སློབ་དཔོན་དེ་ཡང་རྒྱལ་པོ་དཔུང་དང་བཅས་པ་དེངས་ནུས་པ་དང། ཚོགས་ཀྱི་འཁོར་ལོའི་དུས་སུ་ཤིང་ཏོག་ལ་སོགས་པ་འགུགས་ནུས་པ་དང། སྦྱིན་སྲེག་གི་ཐབ་ཏུ་ལྷ་དྲུག་བཅུ་རྩ་གཉིས་ཞལ་བལྟ་ནུས་པ་དང། ཏིང་ངེ་འཛིན་གྱི་རྟོགས་པ་བརྟན་པོ་ཐོབ་པས་དངོས་གྲུབ་ཐོབ་པར་གྲགས་ཤིང། རྗེ་མར་པ་ལས་བརྒྱུད་པ་རྣམས་ནི་སྐུ་ཚེ་འདི་ལ་མཆོག་གི་དངོས་གྲུབ་བརྙེས་པར་བཞེད། བཀའ་བརྒྱུད་འདི་པ་དང། ས་སྐྱ་པ། ཞ་ལུ་བ་རྣམས་བར་དོར་མཆོག་བརྙེས་པར་བཞེད་དོ། དེ་ལ་སློབ་མ་དཔལ་མཆོག་ཌམྦི་པ། ཤཱནྟི་བ། ཇོ་བོ་རྗེ། དྷ་རི་པ། ཀུ་སཱ་ལི་པ། ཁ་ཆེ་ཛྙ་ན་དཔལ། ཤར་ཕྱོགས་པ་ཛ་ཡ་ཀ་ར་སྟེ་ཆེ་བར་གྲགས་པ་བདུན་དང། ཞི་བ་བཟང་པོ། ཞི་བའི་གོ་ཆ། ཇོ་བོ་སྨྲི་ཏི་ལ་སོགས་པ་པཎྜི་ཏའི་སློབ་མ་མང་པོ་དང། མི་ཏྲི་པ། ཕམ་མཐིང་པ་སྐུ་མཆེད་ལ་སོགས་པ་ཡུན་རིང་བསྟེན་པའི་སློབ་མ་རྣམས་དང་གཞན་ཡང་མར་པ་ལོ་ཙཱ་ལ་སོགས་པ་དཔག་ཏུ་མེད་པ་རྣམ་གྲོལ་ལ་བཀོད་དོ། དེའི་ནང་ནས་ཤཱནྟི་པ་སྒོ་དྲུག་གི་མཉམ་པོ་ཡིན་ཡང། ནཱ་རོ་པའི་ཞབས་ལ་གཏུགས་ནས་བདེ་མཆོག་འཁོར་ལོའི་