[A:༢༠ན]དཀྱིལ་འཁོར་དུ་དབང་ཞུས། རྒྱུད་མན་ངག་དང་བཅས་པ་དང། མ་ཧཱ་མཱ་ཡའི་དབང་རྒྱུད་མན་ངག་དང་བཅས་པ་གསན། ཇོ་བོ་ཆེན་པོའི་བླ་མ་གནས་བརྟན་བྱང་ཆུབ་བཟང་པོ་ལ། དཔལ་ཀྱེ་ཡེ་རྡོ་རྗེའི་རྩ་རྒྱུད་གདམས་ངག་དང་བཅས་པ་མནོས་ཏེ་ཐུགས་ཉམས་སུ་བཞེས་ཤིང། ཐམས་ཅད་མཁྱེན་པ་གཉིས་པ་ལྟ་བུར་གྲགས་པས། གསང་འདུས། དགྱེས་རྡོར། མ་ཧཱ་མཱ་ཡ། དགྲ་ནག་ལ་སོགས་པའི་རྒྱུད་མང་པོ་དང། ཉི་ཁྲི་དང་བརྒྱད་སྟོང་པ་ལ་སོགས་པའི་
མདོ་
མང་པོ་དང། མདོ་སྡེ་རྒྱན་ལ་སོགས་པའི་བསྟན་བཅོས་མང་པོ་ལ་འགྲེལ་པ་མཛད་ནས། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལ་འགྲེལ་པ་མཛད་པར་རྩོམ་པའི་ཚེ་རྨི་ལམ་དུ་རྡོ་རྗེ་ཕག་མོས་ཞལ་བསྟན་ནས་ཀླ་ཀློའི་སྐད་ཀྱིས་ཤིན་དུ་སྦས་པའི་རྒྱུད་འདི་གསལ་བར་མ་འགྲོལ་བར། དོན་ཟབ་མོ་ཉམས་སུ་ལོང་ཞིག་ཅེས་བཀག་པ་དང་གནང་བའི་ལུང་བསྟན་ཐོབ་ནས། ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་མཛད། ནང་དུ་དོན་ཟབ་མོ་ཉམས་སུ་བླངས་པས་གྲུབ་པ་བརྙེས་པ་ཡིན་ཏེ། རྡོ་རྗེ་གདན་པས། རྒྱལ་རིགས་སྤྱོད་པ་མཐར་ཕྱིན་ནས། འདུལ་འཛིན་གསང་སྔགས་དངོས་གྲུབ་རྙེས། ཤཱནྟི་པ་ཞེས་བྱ་བ་ཡི། བླ་མ་དེ་ལ་ཕྱག་འཚལ་ལོ། ཞེས་སོ། དེ་ལྟར་ནཱ་རོ་པ་དང། ཤཱནྟི་པ་གཉིས་ཀྱི་ཡོན་ཏན་རྫོགས་པར་མངའ་བ་ཇོ་བོ་ཆེན་པོ་ཡིན་ཁ། ལམ་ཡིག་ལས། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་ངོ་བོ་རྗེ་བཞུགས་པའི་དུས། ནཱ་རོ་པ་བྱོན་པ་ལ། དགེ་འདུན་རྣམས་ཀྱིས་བསུ་བ་རྒྱ་ཆེན་པོ་མཛད། ནཱ་རོ་པའི་ཞལ་ནས་ཇོ་བོ་ལ། ད་ནི་སངས་རྒྱས་ཀྱི་བསྟན་པའི་བདག་པོ་ཁྱེད་ཡིན་ནོ་གསུངས། ཇོ་བོས། ཁྱེད་ཉི་མ་དང་འདྲ་བ་བཞུགས་བཞིན་དུ་ཁོ་བོ་སྲིན་བུ་མེ་ཁྱེར་ལྟ་བུས་འཇིག་རྟེན་གསལ་བར་ག་ལ་ནུས་ཞུས་པས། ཁོ་བོ་ནི་ཡུན་རིང་པོར་མི་སྡོད་གསུངས། དེར་ཞག་ཉི་ཤུ་ཙམ་བཞུགས། ལྷོ་ཕྱོགས་སུ་བྱོན་ཏེ་ཞག་ཉི་ཤུ་ཙམ་ན། གཤེགས་པའི་གདུང་རུས་