R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢༡བ
[A:༢༡བ] འདིར་སྨྲས་པ། ཀུན་མཁྱེན་གངས་རིའི་དབང་པོ་ལས་འོངས་པའི། དངོས་གྲུབ་རླབས་ཀྱི་ཕྲེང་བ་གངྒའི་རྒྱུན། སྐྱོན་བྲལ་ཤིང་རྟ་ཆེན་པོའི་ལམ་ལས་དྲངས། སྐལ་བཟང་གདུལ་བྱའི་ཞིང་རྣམས་སྨིན་པར་མཛད། བཞི་པ་སྲོལ་འཛིན་ཨ་ཏི་ཤའི་རྣམ་ཐར་ནི། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་དུ། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་དང་ཐུགས་མཉམ་དུ་བསྐྱེད་ཅིང། སྟོན་པ་སངས་རྒྱས་པའི་དུས། རྒྱལ་སྲས་བཟང་པོ་སྐྱོང་ཞེས་པར་བཞུགས་ཤིང་བསྐལ་བཟང་འདི་ལ་སངས་རྒྱས་ཀྱི་མཛད་པ་སྟོན་པར་བཀའ་གདམས་གླེགས་བམ་ལས་གསུངས། སྐུ་སྐྱེ་བ་འདིའི་རྣམ་ཐར་ཐུན་མོང་དུ་གྲགས་པ་རྣམས་ལམ་ཡིག་ཏུ་འབྱུང་བ་དང། ཐུན་མོང་མ་ཡིན་པ་སྣོད་མིན་ལ་གསང་བ་རྣམས་ཟུར་དུ་རྒྱས་སྡུས་དུ་མ་སྣང་ཡང་འདིར་གདུལ་བྱ་ཐུན་མོང་བ་དང་གཙོ་ཆེར་མཐུན་པ་ཟུར་ཙམ་བཀོད་ན། ཤིང་མོ་གླང་ལ་བོད་དུ་རྒྱལ་པོ་གླང་དར་གྱིས་བསྟན་པ་ནུབ་པར་བྱས་པ་དེ་ནས་ལོ་དོན་བརྒྱད་སོང་བའི་དུས། ཇོ་བོ་ཆེན་པོ་སྐུ་འཁྲུངས་ཏེ། དེའི་རྣམ་ཐར་ནི་པཎྜི་ཏ་སའི་སྙིང་པོ་དང། ནག་ཚོ་ལོ་ཙཱ་བ་གཉིས་ཀྱིས་ཕོ་བྲང་ན་བཞུགས་པའི་དུས་དང། ཐར་པར་གཤེགས་པའི་ཡོན་ཏན་གཉིས་སུ་གསུངས་པའི། དང་པོ་ལ་གཉིས། ལོང་སྤྱོད་དང་རིགས་ཕུན་སུམ་ཚོགས་པ། རྟེན་དེ་ལ་ཡོན་ཏན་བརྙེས་ཚུལ་ལོ། དང་པོ་ནི། རྡོ་རྗེ་གདན་གྱི་ཤར་ཕྱོགས་བྷཾ་ག་ལ་ཟ་ཧོར་གྱི་ཡུལ་ན་གྲོང་ཁྱེར་བི་ཀྲ་མ་ལ་པུ་རི་ཞེས་པ་མི་ཁྱིམ་འབུམ་ཚོ་ཉི་ཤུ་རྩ་བདུན་ཡོད་པའི་དབུས་ན། ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ཞེས་པ། གསེར་གྱི་རྒྱལ་མཚན་སྟོང་ཕྲག་ཉི་ཤུ་རྩ་ལྔ། སྐྱེད་མོས་ཚལ་དང་རྫིང་བུ་ལྔ་སྟོང། ཏ་ལའི་ཕྲེང་བ་བདུན་གྱིས་བསྐོར་བ། མདོར་ན་ལོང་སྤྱོད་མངའ་ཐང་འབྱོར་པ། རྒྱ་ནག་སྟོང་ཁུན་རྒྱལ་པོ་དང་