R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢༣ན
[A:༢༣ན] བསྐུལ་ཏེ། ཕལ་ཆེན་སྡེ་པའི་ནང་ནས་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ། སངས་རྒྱས་ཡེ་ཤེས་ཞབས་ནས་མཁན་བརྒྱུད་ལྔ་ཚིགས་པ། ཐེག་ཆེན་སྦྱོར་ལམ་པ་ཤཱི་ལ་རཀྵི་ཏ་ཞེས་པ་ཚུལ་ཁྲིམས་བསྲུང་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་དཱི་པམ་ཀ་ར་ཤྲཱི་ཛྙཱ་ན་ཞེས་བཏགས་ཏེ། དཱི་པམ་མར་མེ། ཀ་ར་མཛད། ཤྲཱི་དཔལ། ཛྙཱ་ན་ཡེ་ཤེས་ལ་འཇུག། ཏི་པམ་ཞེས་པ་ལ་གོ། དགུང་ལོ་ཉེར་བརྒྱད་དམ། ཉེར་དགུ་ལ་རབ་ཏུ་བྱུང། དེ་ནས་ཨོ་ཏནྟ་པུ་རིར་བླ་མ་དྷརྨ་རཀྵི་ཏ་ལ་བྱེ་བྲག་བཤད་མཚོ་སོགས་ཐེག་དམན་གྱི་བསྟན་བཅོས་དང། སྡེ་པ་བཞི་ཀའི་འདུལ་བ་ལག་ལེན་དང་བཅས་པ་གསན་སྦྱོང་མཛད་དོ། གཞན་ཡང་བརྒྱུད་པ་གསུམ་ལྡན་གྱི་བླ་མ་རྣམས་ལ་སྡེ་སྣོད་མཐའ་དག་གསན་ནས་མཁས་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་ལ། ཁྱད་པར་
དུ་
བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ལ་ནན་ཏན་སྙིང་པོར་མཛད་དེ་གསན་པས། བླ་མ་གསུམ་གྱི་གདམས་ངག་རྫོགས་པར་མངའ་ཞིང། ལོ་ཙཱ་བའི་བསྟོད་པ་ལས། རྟག་ཏུ་བསྟེན་པའི་བླ་མ་ནི། ཤཱནྟི་པ་དང་གསེར་གླིང་པ། བྷ་དྲ་བོ་དྷི་ཛྙཱ་ན་ཤྲཱི། དངོས་གྲུབ་ཐོབ་པ་མང་པོ་དང། ཁྱད་པར་དུ་ནི་ཀླུ་སྒྲུབ་ནས། གཅིག་ཏུ་གཅིག་ཏུ་བརྒྱུད་པ་ཡི། ཟབ་པ་དང་ནི་རྒྱ་ཆེེ་བའི། གདམས་པ་ཁྱེད་ལ་མངའ་བ་ཡིན། ཞེས་སོ། དེ་ལ་ཟབ་པ་ལྟ་བའི་བཤད་པ་དང། མན་ངག་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པ་དང། རྒྱ་ཆེན་སྤྱོད་པའི་བརྒྱུད་པ་འཕགས་པ་བྱམས་པ་ནས་བརྒྱུད་པ་གཉིས་གོང་དུ་སྨོས་པ་དང། རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་གཟུང་བ། ངོ་མཚར་ཅན་གྱི་གཏམ་བདུན་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་རྒྱལ་སྲས་ཞི་བ་ལྷ་ལ་བརྒྱུད་པ་སྟེ། བརྒྱུད་པ་གསུམ་གྱི་གདམས་ངག་རྫོགས་པར་མངའ་ཞིང། སོ་སོར་ཕྱེ་ན་གསྔགས་ལ་ཡང་བརྒྱུད་པ་ལུགས་ལྔ་ལས་