R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢༤ན
[A:༢༤ན] རྒྱས་པར་འབྱེད་པ་ཤཱནྟི་པ། བསྟན་པའི་རྩ་བ་བློ་སྦྱོང་གི་སྒོར་འཇུག་པ་གསེར་གླིང་པ་ཆོས་ཀྱི་གྲགས་པ་རྣམས་ཏེ། མཁས་པའི་ཡོན་ཏན་གོང་གི་བླ་མ་བརྒྱུད་པ་དེ་དག་ཐམས་ཅད་ཀྱི་ཡོན་ཏན་རྫོགས་པར་མངའ་ཞིང། རྡོ་རྗེ་གདན་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ་མུ་སྟེགས་ཀྱི་སྨྲ་བ་ངན་པ་ལན་གསུམ་དུ་ཆོས་ཀྱིས་ཕམ་པར་མཛད་ནས་སངས་རྒྱས་ཀྱི་བསྟན་པ་གཟུང་ཞིང། བཙུན་པའི་ཡོན་ཏན་སོ་ཐར་དང་འགལ་བའི་ཉེས་པ་འོང་མ་མྱོང། བྱང་སེམས་དང། གསང་སྔགས་ཀྱི་སྡོམ་པ་ལ་ཅུང་ཟད་བྱུང་སྲིད་ཀྱང། བཤགས་བསྡམ་སོགས་ཀྱིས་ཉེས་པ་དང་ཞག་ཏུ་འགྲོགས་མ་མྱོང་གསུངས། རྟོགས་པའི་ཡོན་ཏན་བྱང་ཆུབ་ཀྱི་ཐུགས་ལ་མངའ་བརྙེས། ཏིང་ངེ་འཛིན་ཕུན་སུམ་ཚོགས་པས་སྤྱན་དང་མངོན་པར་ཤེས་པའི་ཡོན་ཏན་དང་ལྡན།་དྷཱ་རི་ཀ་པའི་སློབ་མ་བྲམ་ཟེ་སྡོམ་པ་བཟང་པོོ་སོགས་ལ་བདེ་མཆོག་གི་སྐོར་གསན་ནས། ཤར་ཕྱོགས་བྷཾ་ག་ལ་འོད་མའི་ཚལ་མེ་ཏོག་གླིང་དུ་སྒྲུབ་པ་མཛད་པས། བདེ་མཆོག་གི་དཀྱིལ་འཁོར་ཞལ་གཟིགས་བསྟོད་པ་ཡང་མཛད། རྣལ་ཐུན་གཅིག་ལ་རྒྱུད་རྒྱལ་འབུམ་ཚོ་གཅིག་དང་བཞི་བརྒྱ་ལྔ་བཅུ་རྩ་ལྔ་གསན་པར་མཛད། ཆོས་ཀྱི་གཎྜིའི་སྒྲ་ནམ་མཁའ་ལ་བསྒྲག་པ་གསན་པས། སྐྱེ་བ་མེད་པའི་དོན་ཐུགས་སུ་ཆུད་པ་སོགས་དེ་ལྟ་བུའི་ཡོན་ཏན་རྣམས་དང་ལྡན་པའི་ཇོ་བོ་ཆེན་པོ་དེ་ཉིད་ཀྱི་སྙན་པའི་གྲགས་པས་འཕགས་ཡུལ་ཀུན་དུ་ཁྱབ་སྟེ། དེའི་ཚེ་མ་ག་དྷ་དང། ཨོ་ཏནྟ་པུ་རི་དང། སོ་མ་པུ་རི་དང། ན་ལེནྟྲ་དང། བི་ཀྲ་མ་ཤཱི་ལའི་གནས་གཞི་རྣམས་ན་པཎྜི་ཏ་དང་གྲུབ་ཐོབ་ཤིན་དུ་མང་ཡང། ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་བཞུགས་པའི་དུས་སུ། རྒྱལ་པོ་དྷརྨ་པཱ་ལས་ཇོ་བོ་རྡོ་རྗེ་གདན་ནས་བི་ཀྲ་མ་ཤཱི་ལར་སྤྱན་དྲངས་ནས། བསྟན་པའི་བདག་པོར་མངའ་གསོལ་བ་ལས་འཕྲོས་ཏེ། བི་ཀྲ་མ་ཤཱི་ལ་བཞེངས་པའི་