R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢༤བ
[A:༢༤བ] ལོ་བརྒྱུས་རྒྱུས་ཅུང་དེ་བཤད་ན། ནཱ་ལེནྟྲ་ན་སློབ་དཔོན་ཆེན་པོ་ཀམྤ་ལ་བྱ་བ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་གཅིག་བཞུགས་པ་དེས། ཆུ་བོ་གངྒའི་འགྲམ་ན་བྲག་དེའུ་གཅིག་ཡོད་པ་དེའི་སྟེང་དུ་གཙུག་ལག་ཁང་བརྩིགས་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེ་བར་མངོན་ཤེསཀྱིས་གཟིགས་ནས། དེ་རྩིག་པ་ལ་རབ་ཏུ་བྱུང་བ་བས་རྒྱལ་པོའི་རྟེན་ནུས་པ་ཆེ་བར་དགོངས་ཏེ། རྒྱལ་པོ་གོ་པཱ་ལའི་སྲས་དེ་བ་ཕ་ལ་བྱ་བ་མངའ་རིགས་ཕུན་སུམ་ཚོགས་པ་དང་ལྡན་པ་དེའི་བཙུན་མོའི་རྨི་ལམ་དུ་དགེ་སློང་སྣམ་སྦྱར་དམར་སེར་གྱོན་པ་ལྷུང་ཟེད་དང་མཁར་སིལ་ཐོགས་པ་གཅིག་གནས་གཡར་ཟེར་བ་རྨིས་ཏེ། རྒྱལ་པོ་ལ་བརྗོད་པས། དོ་ནུབ་ཀྱང་བྱུང་ན་གནས་བཏང་གི་གྱིས་གསུངས། ཡང་བྱོན་པ་ལ་དེ་ལྟར་བྱས་པས། རྒྱལ་པོ་དེའི་སྲས་སུ་སྐུ་སྐྱེ་བ་བཞེས་པ། རྒྱལ་པོ་དྷརྨ་པཱ་ལ་བྱ་བ་ཡུལ་དབུས་མ་ག་དྷ་ཐམས་ཅད་ལ་དབང་བསྒྱུར་བ་དེས། བྲག་དེའུའི་ཁར་གཙུག་ལག་ཁང་བཞེངས་ཏེ། དེ་ལ་ཕྱོགས་བཞིར་མིང་བཞི་གྲགས་པ་ལས། བྱང་ཕྱོགས་པ་ལ་བི་ཀྲ་མ་ཤཱི་ལ་བྱ་བར་གྲགས་ཏེ། བོད་སྐད་དུ་ཚུལ་ཁྲིམས་ཀྱི་ངད་དང་ལྡན་པ་བྱ་བར་འོང། དེར་རྩ་བའི་སྡེ་བཞིའི་དགེ་སློང་ཚང་བར་བཞུགས་ཤིང་འཚོ་བ་ཡང་རྒྱལ་པོས་སྦྱོར་བ་དང། རིག་པའི་གནས་ལྔའི་འཆད་ཉན་དར་བས། དེར་བཞུགས་པའི་རབ་བྱུང་ཕལ་ཆེ་བ་པཎྜི་ཏ་ཤ་སྟག་ཡིན་ནོ། དེའི་ཚེ་རྡོ་རྗེ་གདན་ནས་ཇོ་བོ་རྗེ་བི་ཀྲ་མ་ཤཱི་ལར། རྒྱལ་པོ་དྷརྨ་པཱ་ལས་སྤྱན་དྲངས། འདི་ཁོ་ན་ལྷག་པར་གཟིགས་ཏེ། ཨ་ཏི་ཤ་ཞེས་མཚན་གསོལ་བ། བོད་ཀྱི་སྐད་དུ་ཕུལ་དུ་བྱུང་བ་ཞེས་བྱ་སྟེ། དེ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་མངའ་གསོལ་ཏེ། རྒོལ་བ་ངན་པ་ཐམས་ཅད་ཚར་བཅད། སངས་རྒྱས་ཀྱི་བསྟན་པའི་སྲོག་ཤིང་ལྟ་བུར་བཞུགས་ནས། སྡེ་པ་ཐ་དད་པ་རྣམས་ཀྱི་བྱིན་ལེན་ལ་སོགས་པ་བླང་དོར་གྱི་གནས་ཕྲ་མོ་རྣམས་ཡན་ཆད་