[A:༢༥ན] མ་འདྲེས་པར་ཐེ་ཚོམ་གཅོད་པར་མཛད་དེ། ལོ་ཙཱ་བའི་བསྟོད་པ་ལས། བྱང་ཆུབ་ཆེན་པོའི་ཕོ་བྲང་དུ། ཐམས་ཅད་འདུས་ཤིང་འཚོགས་པ་ན། རང་དང་གཞན་གྱི་སྡེ་པ་ཡི། གྲུབ་མཐའ་ངན་པའི་རྒོལ་བ་ཀུན། སེང་གེའི་ང་རོའི་སྒྲ་སྐད་ཀྱིས། ཐམས་ཅད་ཀྱི་ནི་ཀླད་པ་འགེམས། ཤེས་ཞེས་དང། ཨོ་ཏནྟ་ཡི་པུ་རི་ན། རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ། བི་ཀྲ་མ་ལ་ཤཱི་ལ་ན། རབ་བྱུང་བརྒྱ་ཕྲག་མང་པོ་དང། རྩ་བའི་སྡེ་བཞི་ཚང་བར་བཞུགས། སྡེ་པའི་ཁེངས་དྲེགས་མི་མཛད་དེ། མ་ག་དྷ་ཡི་ཡུལ་གྱི་ནི། གནས་གཞི་མ་ལུས་ཐམས་ཅད་ཀྱི། སྟོན་པའི་འཁོར་ནི་བཞི་པོ་ཡི། ཀུན་གྱི་གཙུག་གི་ནོར་བུར་གྱུར། ཁྱོད་ནི་སྡེ་པ་བཅུ་བཅོ་བརྒྱད་ཀྱི། ཀུན་གྱི་སྤྱི་ལ་བཞུགས་པ་ན། ཐམས་ཅད་ཀྱིས་ནི་ལུང་ཡང་ལེན། ཞེས་འབྱུང་བ་ལྟར་རོ། དེ་ཡང་བསྟན་པ་བསྲུང་བ་ལ། རྣལ་འབྱོར་གྱི་སྟོབས་ཀྱིས་བསྲུང་བ། དབང་ཕྱུག་གི་སྟོབས་ཀྱིས་བསྲུང་བ། རིག་པའི་སྟོབས་ཀྱིས་བསྲུང་བ། རིགས་པའི་སྟོབས་ཀྱིས་བསྲུང་བ་དང་བཞི་ལས། དེ་བཞི་ཀའི་སྟོབས་ཀྱིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ནི་ཇོ་བོ་རྗེ་ཙམ་ཡིན་གསུངས་ཏེ། རྒྱས་པར་གཞན་དུ་བལྟའོ། དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་
པ་
དེ་ཉིད། བོད་དུ་སྤྱན་འདྲེན་དགོས་པའི་རྒྱུ་མཚན་ལས་འཕྲོས་ཏེ། བོད་ཀྱི་མི་རྣམས་བྱུང་ཚུལ་དང། བསྟན་པ་སྔ་དར་གྱི་དུས་དམ་པའི་ཆོས་འཕེལ་འགྲིབ་བྱུང་བའི་ཚུལ་ཅུང་ཟད་
བཤད་ན། དེ་ཡང་བོད་ཀྱི་མི་རྣམས་བཀའ་ཆེམས་ཀ་ཁོལ་མ་ལས། སྤྲེའུ་དང་བྲག་སྲིན་གྱི་རྒྱུད་དུ་བཤད། ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་འགྲེལ་ལས། སྐྱབས་སེང་བུ་སྡེ་ལྔ་དང། དགྲ་ངན་དཔུང་ཚོགས་བཅུ་གཉིས་མ་མཐུན་པའི་ཚེ། རྒྱལ་པོ་རཱུ་པ་ཏི་ཞེས་པ་དཔུང་དང་བཅས་པ་ཁ་བ་ཅན་དུ་བྲོས་པའི་བརྒྱུད་ཡིན་པར་བཤད་དེ། གཉིས་ཀའི་བརྒྱུད་དངོས་དེ་ཡང་བོད་ཀྱི་རྒྱལ་པོ་ལ་སྔ་བ་