R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༢༥བ
[A:༢༥བ] རྗེ་གཉའ་ཁྲི་བརྩན་བཙན་པོ་ནས་རྒྱལ་རབས་ཉི་ཤུ་རྩ་བརྒྱད་པ། སངས་རྒྱས་སྨན་བླའི་སྤྲུལ་པ་ལྷ་ཐོ་ཐོ་རི་གཉན་བརྩན་བཙན་བྱོན་ཏེ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཙམ་མཛད། དེ་ནས་རྒྱལ་རབས་ལྔ་པ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྒྱལ་པོ་སྲོང་བརྩན་བགམ་བཙན་སྒམ་པོའི་སྐུར་སྤྲུལ་ཏེ། བོད་ཀྱི་མི་རྣམས་དགེ་བ་བཅུའི་ལམ་ལ་བཀོད་ཅིང། དུད་འགྲོ་རྣམས་ཀྱི་རྣ་བར་ཡང་ཨརྱ་ཨ་བ་ལོ་ཀ་ཞེས་བསྒྲགས་པ་སོགས་རིམ་གྱིས་སྨིན་པར་མཛད། དེ་ནས་རྒྱལ་རབས་བཞི་ན་འཕགས་པ་འཇམ་དཔལ་གྱི་སྤྲུལ་པར་གྲགས་པའི་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བརྩན་བཙན་གྱིས་ཟ་ཧོར་གྱི་མཁས་པ་ཆེན་པོ་ཞི་བ་འཚོ་སྤྱན་དྲངས་ནས། ཉང་ཤ་མི་གོ་ཆ། རྨ་རིན་ཆེན་མཆོག། ལ་གསུམ་རྒྱལ་བ་བྱང་ཆུབ། ཏཱ་དཔལ་དབྱངས། རྦ་ཡེ་ཤེས་དབང་པོ། དབའ་མཉྫུ་ཤྲཱི། སྤ་གོར་བཻ་རོ་ཙ་ན་སྟེ། ཚད་སད་མི་མི་བདུན་ལ་སོགས་པ་རབ་ཏུ་བྱུང་ཞིང། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཀྱི་ལྷ་སྲིན་གདུག་པ་ཅན་བཏུལ། སངས་རྒྱས་ཀྱི་བསྟན་པ་བཙུགས་པ་ལས། དེ་དག་ཉིད་ཀྱི་རིགས་ལ་ཕ་རོལ་དུ་ཕྱིན་པ་དང། རྡོ་རྗེ་ཐེག་པའི་བསྟན་པ་མཐའ་དག་རྒྱས་པར་བྱུང་ཞིང། དེ་དག་གི་རྒྱ་དཔེའ་བསམ་ཡས་སུ་བཞུགས་པ་རྣམས། ཕྱིས་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་གཟིགས་པས་ངོ་མཚར་བ་འཁྲུངས་ཏེ། དུས་དེར་བྱུང་བའི་བོད་ཀྱི་བསྟན་པ་འདྲ་བ་རྒྱ་གར་དུ་ཡང་བྱུང་དཀའ་བར་འདུག་ཅེས་གསུང་ཞེས་ལམ་ཡིག་ལས་གསུངས། དེ་ལྟ་བུའི་བསྟན་པ་ཕུན་སུམ་ཚོགས་པ་དེ་ཡང་རྒྱལ་པོ་དར་མ་ཞེས་པ། སྡིག་པ་ཅན་གྱི་བློན་པོ་དང་བགྲོས་ཏེ། རབ་ཏུ་བྱུང་བ་མང་པོ་ཁྱིམ་པར་ཕབ་ཅིང། རྟགས་འདོར་དུ་མ་འདོད་པ་རྣམས་དཀྲོངས་ནས་བསྟན་པ་རིན་པོ་ཆེ་བསྣུབས་སོ། དེའི་དུས་ཀྱི་སྔགས་ཀྱི་བསྟན་པ་འཛིན་པར་རློམ་པའི་ཁྱིམ་པ་མང་པོས་རང་གི་ཡི་དམ་ཙམ་ལ་བསྟེན་པ་དང། སྔགས་ཀྱི་གླགས་གླེགས་བམ་ལུས་པ་རྣམས་ཆུད་མ་ཟོས་པར་བྱས་ཀྱང་