[A:༢༦ན] བཤད་སྒྲུབ་ཀྱི་བསྟན་པ་རྣལ་མ་མེད་པས། རྒྱུད་དོན་ལོག་པར་འགྲེལ་བ་དང། མངོན་སྤྱོད་ཀྱི་ལས་གཙོ་བོར་བྱེད་པ་མང་དུ་བྱུང་ངོ། དུས་དེར་རྩ་བ་རབ་གསལ་ལ་སོགས་པ་གླིང་གསུམ་དཔལ་ཆུ་བོ་རིར་སྒྲུབ་པ་མཛད་ཅིང་བཞུགས་པ་ལ། རྒྱལ་པོས་བསྟན་པ་བསྣུབས་པ་གསན་པས། འདུལ་བའི་དཔེ་མང་པོ་བསྣམས་ནས་བྲོས་ཏེ། རིམ་གྱིས་མདོ་སྨད་ཀྱི་ས་ཆར་བྱོན་ནས། བླ་ཆེན་པོ་རབ་ཏུ་བྱུང་ཞིང། བླ་ཆེན་པོ་དགོངས་པ་གསལ་གྱིས་ཀྱང་དགེ་སློང་དང་དགེ་ཚུལ་མང་དུ་སྤེལ་ལ། བླ་ཆེན་པོ་ཉིད་ལ་དགེ་སློོང་གསུམ་པོ་དེ་ལས་འོངས་པའི་འདུལ་བ་དང། མངོན་པའི་སྡེ་སྣོད་མང་པོ་དག་དང། བླ་མ་གཞན་ལས་ཀྱང་སྔགས་དང་ཕ་རོལ་དུ་ཕྱིན་པའི་གཞུང་མང་པོ་གསན་ཅིང། སྐུའི་སྐྱེ་བ་ཕྱི་མ་དགའ་ལྡན་དུ་གཤེགས་པ་དེའི་སློབ་མ་བརྒྱུད་པ་དང་བཅས་པའི་དྲིན་ལས་དབུས་གཙང་གི་ས་ཆར་ཡང་མདོ་སྔགས་ཀྱི་བསྟན་པ་བྱུང་མོད་ཀྱི། འོན་ཀྱང་ཁྱིམ་པ་ཕལ་ཆེར་རྒྱལ་པོའི་ཆིངས་མ་དང་བྲལ་བས་འཐབ་རྩོད་ལ་དགའ་ཞིང། དེའི་རིགས་ལས་བྱུང་བའི་སྔགས་པ་མང་པོས་དགྲའི་ཕྱོགས་ལ་མངོན་སྤྱོད་ཀྱི་ལས་བྱས་པས། སྐྱེ་བོ་མང་པོ་ཕུང་བར་གྱུར་པ་དང། སྔགས་ཀྱི་གསང་བའི་སྤྱོད་པ་ལས་ཉམས་ཏེ་གསང་བའི་གནས་རྣམས་འཆོལ་པར་སྟོན་ཅིང། སྦྱོར་སྒྲོལ་སོགས་སྔགས་ལ་སྙད་པའི་རྩིང་ཆོས་སྣ་ཚོགས་དང། ཆོ་ག་རྣམས་ཀྱང་མ་ཚང་ཞིང་འཁྲུལ་བ་མང་དུ་བྱུང་བ་དང། གཞན་ཡང་བམ་སྒྲུབ་སོགས་ལོག་ཆོས་སྣ་ཚོགས་དར་ཞིང། རྒྱ་ནག་ལུགས་ཀྱི་རྫོགས་པ་ཆེན་པོའི་ལུགས་འཛིན་པ་འགའ་ཞིག་གིས་སྟོང་པ་ཉིད་གཅིག་པུ་བསྒོམས་པས་དྲི་མ་མཐའ་དག་དང་བྲལ་བའི་ཆོས་ཀྱི་སྐུ་འཐོབ་ལ། དེ་ཐོབ་ན་གཟུགས་ཀྱི་སྐུ་ཤུགས་ལ་འབྱུང་བས། སྦྱིན་པ་ལ་སོགས་པའི་ཐབས་མང་པོ་ལ་སློབ་པ་ནི་ཚེགས་ཆེན་པོ་ཟེར་བ་དག་ཀྱང་བྱུང་ཞིང། ཧྭ་ཤང་གི་ལྟ་བ་ཞེས་མིང་ལ་སྐྱོན་དུ་ལྟ་ཡང།་དོན་ལ་མཆོག་ཏུ་འཛིན་པ་དང།