[A:༢༨ན] ཐམས་ཅད་རྫོགས་ནས་ཡོད་ཀྱི། ད་ལན་ཇོ་བོ་བོད་དུ་མ་བྱོན་ན་ཁྱེད་དམ་པ་རྣམས་ཀྱི་ཐུགས་རྗེ་ཡང་དེ་ལྟར་བས་པས། ངེད་ཀྱང་བྱ་བ་ཅི་བདེར་སྤྱད་པར་བགྱིའོ་ཞེས། ཁྱེད་འདུལ་བ་འཛིན་པས་ལོ་བརྒྱུས་རྒྱུས་འདི་རྣམས་ཇོ་བོ་ལ་ཞུས་པའི་ཐ་ལ་འབྱོན་དུ་མ་བཞེད་ནའང། སྙན་དུ་ཐེབས་པར་མཛད་དོ་གསུངས་ནས། བཤུམ་ཅིང་གསུང་བྱོན་ཏེ། ལྷ་བཙུན་མི་ཆེན་པོ་གཅིག་གིས་དེ་ལྟར་མཛད་པས། ལོ་ཙཱ་བས་ཀྱང་ཡིན་མིན་གྱི་ཚིག་ཟུར་ཙམ་ཡང་སྨྲ་མ་ནུས། དེའི་སྟོབས་ཀྱིས་ལུས་སྲོག་དང། བར་ཆད་ཀྱི་དཀའ་ཚེགས། ཚེ་འདིའི་བདེ་སྐྱིད་གང་ལའང་མ་ཆགས་པར་དཔོན་གཡོག་བདུན་གྱིས་གསེར་རྣམས་ཁྱེར་ཏེ། རྒྱ་གར་གྱིེ་ལམ་དུ་ཞུགས་པ་དང། ལྷ་བཙུན་པས་སྐྱེལ་ཐུང་མཛད་དེ། དགེ་སློང་ཁྱོད་ཀྱིས་ང་ཕྱོགས་བྱ་བ་བྱས། ད་ལན་དཀའ་བ་ཆེན་ནའང་ཕར་བྱོན་ལ། འབད་རྩོལ་ཆེན་པོས་ལུས་དང་སྲོག་ལ་བསྡོས། འཁོར་ནས་བྱས་ཤེས་བཀའ་དྲིན་གཟོ་བར་བྱ། ཞེས་གསུངས་ནས། ཕྱི་ཕྱག་མཛད་དེ་གཤེགས། སླར་ཡང་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་ཀྱི་གཤེགས་པར་ཞུ་གསུང། དེ་ནས་བལ་པོ་རྫོང་ལ་བྱོན་ཙ་ན་མི་རིང་གཅིག་དང་ཕྲད་པས། ཁྱེད་ཡུལ་ས་ཐག་རིང་པོར་དོན་ཆེན་པོ་ལ་འགྲོ་བར་སྣང་བ། འདི་སྐད་ཟེར་གྱི་སོང་དང། དོན་གྲུབ་ནས་འོང་གི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཁ་བ་ཅན་གྱི་རྒྱལ་ཁམས་སུ། རྒྱལ་བ་ཐམས་ཅད་ཀྱི་འབྱུང་གནས། དམ་པའི་ཆོས་འཕེལ་བར་གྱུར་ཅིག། ཅེས་བརྗོད་ཅིང་སོང་ན། ལམ་དུའང་ཉེ་ཞོ་མི་འབྱུང་ཟེར། ཁྱེད་སུ་ལགས་བྱས་པས། རིམ་གྱིས་ཤེས་པར་འགྱུར་གྱི་ཟེར། དེ་ནས་བལ་པོའི་མཐའ་མཁོབ་ཏུ་སླེབ་པ་ན། ཨ་ཙ་ར་ལ་གནས་གཡར་བས། སྙུག་ཁང་གཅིག་ཏུ་བསྙལ། ཁོས་གསེར་ཡོད་པར་ཤེས་ནས་སྙུག་ཁང་ལ་མེ་སྤར་ཏེ། བསད་ནས་གསེར་འཁྱེར་བར་འདོད་པ་དང།