R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣༠ན
[A:༣༠ན] དེ་འདྲ་སོ་སྒོར་མ་འདོན་དེ་ཡིན་ན། ནང་ནིང་ནས་པཎ་ཆེན་གཅིག་ལས་གཅིག་ཆེ་བ་ཉི་ཤུ་ཙམ་གདན་དྲངས་ནའང་འདྲོངས་དྲོངས་ཏེ། འོ་སྐོལ་བོད་ཀྱི་སེམས་ཅན་གྱི་སྤྱོད་གཤིས་རྒྱུས་མེད་དམ། ཨ་ཏི་ཤ་མ་གཏོགས་སུས་ཀྱང་བོད་ཀྱི་སེམས་ཅན་མི་ཐུལ་བས། ད་དུང་ཨ་ཏི་ཤ་རང་གདན་ཅི་འདྲོངས་དྲོངས་བྱེད་གསུང་ངོ། གཞན་པཎྜི་ཏ་ཅི་འདྲ་ཡོད་ཞུས་པས། འདི་ལྟར། ཤཱནྟི་པ། ནཱ་རོ་པ། ཌོ་མི་བ། མར་མེ་མཛད་བཟང་པོ། ཨ་བ་དྷུ་ཏཱི་པ། བྱང་ཆུབ་བཟང་པོ། རིན་ཆེན་བཟང་པོ། རིན་ཆེན་སྡེ། ལྷའི་བློ་གྲོས། ངག་དབང་གྲགས་པ། ནག་པོ་པ། ཛཻ་ཏཱ་རེ་དགྲ་ལས་རྣམ་པར་རྒྱལ་བ། རོལ་པའི་རྡོ་རྗེ། ས་འགེབས་པའི་ཞབས། ཡེ་ཤེས་གསང་བ། ཆོས་ཀྱི་བཤེས་གཉེན། ཚུལ་ཁྲིམས་དབང་པོ་ལ་སོགས་པ་པཎྜི་ཏ་བསམ་གྱིས་མི་ཁྱབ་པ་ལྔ་བཅུ་རྩ་གཉིས་ཙམ་ཡོད་ཀྱང། ཐམས་ཅད་རང་ས་རང་ས་ན་ངོ་མཚར་ཆེ་མོད་ཀྱང། འོ་སྐོལ་བོད་ལ་མགོན་པོ་ཨ་ཏི་ཤ་མིན་པས་ཕན་མེད་གསུང། འོ་ན་ཨ་ཏི་
ཤ་
སྟོན་པར་ཞུ་དང་ཞུས་པས། ཁྱོད་རང་ནང་པར་དགེ་འདུན་གྱི་ཀུན་དགའ་ར་བར་དགེ་འདུན་སྟོང་ཕྲག་མང་པོ་འོང་གི། དེའི་ནང་ན་ལྷོང་བ། ལྷ་མེ་བ། སྐུ་ལྟ་བས་ཆོག་མི་ཤེས་པ། གྲལ་གང་དུ་བཞུགས་ཀྱང་མཛེས་པ་ཞིག་ཡོད་ཀྱིས། དེ་ཨ་ཏི་ཤ་ཡིན་པས། དེ་ལ་ཉིན་མཚན་དུ་གསོལ་བ་ཐོབ་གསུང། དེ་ནས་རྒྱ་བརྩོན་སེང་དཔོན་སློབ་གཉིས་ཀྱིས་གནས་བརྟན་རཏྣཱ་ཨ་ཀཱ་རའི་དྲུང་དུ་ཕྱིན། ཕྱག་བྱས་གསེར་སྲང་ཕྱེད་ཕུལ་ཏེ། རྒྱས་བསླབས་པ་བཞིན་ནག་ཚོས་ཞུས་པས། གནས་བརྟན་གྱི་ཞལ་ནས། ཤིན་དུ་ལེགས། ཚེ་དང་ལྡན་པ་འདི་ལྟར་ཡིན། ངེད་འདིར་མི་ལ་ཙག་པ་མ་ཡིན་ཏེ། འདི་ན་ཨ་ཏི་ཤ་མེད་ན། རྒྱ་གར་སངས་རྒྱས་ཀྱི་བསྟན་པའི་འབྱུང་གནས་ཡིན་པས། འདིར་