R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣༡བ
[A:༣༡བ] པ་འདི་རབ་ཏུ་བྱུང་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཐོས་བསམ་མ་གཏོགས། མི་འགྲུབ་པའི་བྱ་བ་མ་བབ། ད་ལན་ཅིས་
ཀྱང་
འབྱོན་པར་མཛད་དུ་གསོལ་ལོ་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་ལོ་ཙཱ་བ་རྣམས་ཤིན་དུ་བདེན། བོད་ཀྱི་ཆོས་རྒྱལ་དེའི་མི་ནོར་མང་པོ་སོང་བས་ངོ་མནོང། ཁོ་བོ་སྙིང་རྗེ་ཆུང་བ་མིན་གྱང་ཡང་བསྟན་པའི་བྱ་བ་ཆེས། གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཀྱི་ལྡེ་མིག་དང་ཆོས་འཕྲོ་མང་པོ་ཡང་ཡོད། ན་སོ་ཡང་རྒས་པས་ཐོན་པར་དཀའ་མོད། འོན་ཀྱང་བོད་ཀྱི་ཆོས་རྒྱལ་ཁུ་དབོན་དང། ལོ་ཙཱ་བ་རྣམས་པའི་དཀའ་སྤྱད་ཆུད་མ་ཟོས་ཅིག་བྱའི། རེ་ཤིག་ཞིག་གསེར་རྣམས་ཚགས་མཛོད་ངེད་བོད་དུ་འོང་སྐད་མ་ཟེར། ལོ་ཙཱ་མཁས་པར་སློབས་གསུང། དེའི་ནུབ་མོ་རྗེ་བཙུན་མ་སྒྲོལ་མ་ལ་མཎྜལ་ཕུལ་ཏེ། བོད་དུ་ཕྱིན་ན་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ནམ། རྒྱལ་པོ་བྱང་ཆུབ་སེམས་དཔའི་ཐུགས་དགོངས་རྫོགས་སམ། ལུས་སྲོག་གི་བར་ཆད་དུ་མི་འགྱུར་རམ་ཞེས་ཞུས་པས། སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཞིང། རྒྱལ་པོའི་ཐུགས་དགོངས་རྫོགས། ཁྱད་པར་དུ་ཨུ་པཱ་ས་སི་ཀ་ཅིག་ལ་བརྟེན་ནས་འགྲོ་བ་མང་པོ་ལ་ཕན་པས་ཐེ་ཚོམ་མེད་པར་བོད་དུ་བཞུད། ཅེས་ཞེས་ལུང་བསྟན། དེ་ནས་ཇོ་བོའི་ཞལ་ནས། རྡོ་རྗེ་གདན་དུ་འོང་དང་གསུང་བས། དེར་ཕྱིན་པ་ན། བྱིས་པ་གཞོན་ནུ་དར་དཀར་གྱི་གོས་གྱོན་པ། ཤེལ་དཀར་གྱི་མདའ་གཞུ་ཐོགས་པ་ཅིག་བྱུང་སྟེ། ཕྱག་འཚལ་ཞིང་ད་མགོན་པོ་བོད་དུ་འབྱོན་པར་ཞུ། བོད་ཀྱི་ཚེ་དང་ལྡན་པ་འདི་ཀུན་སྙིང་རྗེ་མོད་ཟེར་ཏེ་སོང། ཇོ་བོ་ལ་བོད་སྐད་སྨྲ་བའི་བྱིས་པ་དེ་སུ་ཡིན་ཞུས་པས། ནང་པར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས་རྣལ་འབྱོར་མ་ཅིག་སོང་བས། དེ་ལ་དྲིས་གསུང། ནང་པར་རྣལ་འབྱོར་མ་ཀྲཥྞ་སྐད་ལ་དཀྲིས་པ་ཌ་མ་རུ་དཀྲོལ་ཞིང་གར་སྟབས་ལིང་ངེ་བ་ཅིག་བྱུང་