R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣༢ན
[A:༣༢ན] བ་ལ། ཁར་ཁ་སང་གི་ལོ་བརྒྱུས་རྒྱུས་དྲིས་པས། ཁྱེད་བོད་ཀྱི་མི་ངེད་རྒྱ་གར་བ་ལ་འདྲི་བ་ཟེར་ནས་སོང། ཡང་ཇོ་བོ་བྱང་ཆུབ་ཆེན་པོའི་དྲུང་ན་བཞུགས་པའི་གཡས་གཡོན་ན། ཁ་སང་གི་བྱིས་པ་དེ་དང་བུ་མོ་སྔོ་ལྗང་མ་ཅིག་འདུག་པས། ལོ་ཙཱ་བའི་རྟོག་པ་ལ་འདི་གཉིས་ཀྱི་དབུས་སུ་ཇོ་བོ་བཞུགས་མི་ཐང་བ་ལ་སྙམ་པ་དང། བུ་མོ་ན་རེ། རྒྱལ་བའི་མདུན་ན་རྒྱལ་སྲས་བཟང་པོ་སྐྱོང། རྒྱལ་བར་གནས་ཀྱང་མ་རྒྱལ་ལྟ་བུར་སྟོན། རྒྱལ་བའི་མཛད་པ་མཐར་ཕྱིན་འགྲོ་བའི་མགོན། རྒྱལ་བ་ཡས་སྲས་གཉིས་ལ་ཕྱག་འཚལ་ལོ། ཟེེར། བྱིས་པ་ན་རེ། གང་དུ་རྒྱལ་བའི་རྣམ་ཐར་སྐྱོང་བ་ན། བུ་མོ་ཁྱོད་ཀྱང་བདག་གི་ཁྱིམ་འོང་ཞིང། བུ་དང་ལོང་སྤྱོད་དཔལ་འབྱོར་སྤེལ་བ་དང། དགའ་བར་འགྲོགས་ཤིང་བར་ཆད་བསལ་འཚལ་ལོ། ཧེ་ཧེ། ད་ཇོ་བོ་ཡང་བོད་དུ་འབྱོན་རན་ཟེར་ནས། ཁོང་གཉིས་གཞན་དུ་སོང། སྤྲུལ་པ་ཅིག་ཡིན་པར་ཤེས་ནས། ཇོ་ལོ་ངེད་བོད་ནས་འཕགས་ནས་ཕན་འདོགས་ཀྱི་སྤྲུལ་པ་ཟམ་མ་ཆད་པ་ཅིག་བྱུང་བ་དེ་རྣམས་ཀྱང་གསུང་བ་དང། ཕར་གཤེགས་པའི་གོ་ཆ་ཡང་མྱུར་དུ་མཛད་པར་ཞུ་ཞུས་པས། ཇོ་བོའི་ཞལ་ནས། བི་ཀྲ་མའི་ཕོ་བྲང་གི་ལྷོ་སྒོ་ན་བུ་མོ་རས་འཐག་པ་ཅིག་ཡོད་དེ་ལ་དྲིས་གསུང། དེར་ཕྱིན་ནས་དྲིས་པས། ཁྱེད་འདོད་ན་དགེ་བསྙེན་གྲགས་ཆེ་བ་ཇི་སྐད་བྱ་བ་ཡོད་ཟེར་བས། དགེ་བསྙེན་ཆོས་འཕེལ་བྱ་བ་ཡོད་དྲིས་པས་། མོ་ན་རེ། ཨུ་པཱ་ས་སི་ཀ་དེ། ཨ་ཏི་ཤ་ཡི་སྲས་པོ་མ་ལགས་སམ། དུས་རྣམས་རྟག་ཏུ་སྤྲུལ་པ་བསྟན་པ་ཡིན། ཞེས་སོགས་གླུ་བླངས་པས། བལ་པོ་རྫོང་གི་མི་རིང་ནས། ཁ་སང་གི་བྱིས་པ་བུ་མོ་གཉིས་ཀྱི་བར་རྣམས་དགེ་བསྙེན་ཆོས་འཕེལ་གྱི་སྤྲུལ་པར་སྣང་བ་ལ་སྙམ་ནས་སེམས་ངལ་སོས་པར་གྱུར། དེ་དུས་ཇོ་བོའི་བླ་མ་དུ་ཧ་ར་ནག་པོ་བྱ་བས། ས་དཔྱད་རིན་ཆེན་འཕྲུལ་གྱི་མེ་ལོང་བྱ་བ་