R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣༢བ
[A:༣༢བ] ཇོ་བོ་ལ་གནང་ནས། ཁྱེད་ཤོད་དུ་འགྲོ་བར་འདུག། གདན་ས་བྱང་སྐྱབས་པ། ལྷོ་གཞོལ་བ། རྩི་ཤིང་ནགས་ཚལ་དང་ལྡན་པ་ཞིག་འོང། ཁྱེད་ཀྱི་བུ་སློབ་མང་པོས་དགེ་འདུན་གྱི་སྡེ་དང། གཙུག་ལག་ཁང་མང་པོ་བཞེངས་པར་འགྱུར། དེ་ཙ་ན་འདི་དགོས་པ་ཡིན་གསུང། དེ་ནས་རིམ་པ་ལྟར་བླ་མ་དྷརྨ་རཀྵི་ཏ། རྗེ་བཙུན་ཌོམཱི་བ། བླ་མ་ཨ་བ་དྷཱུ་ཏཱི་པ། ཀུ་སཱ་ལི་རིག་པའི་ཁུ་བྱུག་དང། ཡི་དམ་ལྷའི་ལུང་བསྟན་ཇི་སྙེད་ཅིག་རྣམ་ཐར་
དངོས་གྲུབ་
ཀྱི་འོད་ཟེར་དུ་འབྱུང་བ་ལས། རང་བཞིན་གྱི་རྣལ་འབྱོར་མས་ལུང་བསྟན་པ་ཕྱོགས་ཙམ་ཞིག་འདིར་བཤད་ན། གཅིག་ལན་གཅིག་དཀྱིལ་འཁོར་གཅིག་ལ་ཞུགས་པ་ན། རྡོ་རྗེའི་གར་དང་མཆོད་པ་ཕུལ་བའི་རྗེས། མ་གཅིག་རང་བཞིན་དབྱིངས་ཀྱི་རྣལ་འབྱོར་མ། རུས་པའི་རྒྱན་ཆ་གསོལ་ནས་གར་ལ་བྱོན། ཧཱུཾ་ཞེས་རྣམ་དག་རྡོ་རྗེའི་གླུར་བླངས་ནས། མི་མངོན་དབྱིངས་ན་ཚོགས་གཉིས་དཔལ་འབྱོར་བའི། དཔའ་བོ་ཆེན་པོ་དམ་ཚིག་རོལ་བའི་ལྷ། ཁྱབ་བདག་རིན་ཆེན་ཚོགས་ཀྱི་བདག་པོ་ཁྱོད། ཡེ་ཤེས་གསང་བའི་རྡོ་རྗེ་མ་ལགས་སམ། ཁྱོད་ཀྱིས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། བྱང་ཕྱོགས་རྒྱུད་ཀྱི་མཐའ་མཁོབ་མ་བཏུལ་ན། ལས་ཀྱི་དཔའ་
བོ་
ཆེན་པོར་མི་རུང་བས། མྱུར་དུ་རི་བོ་གངས་ཅན་རྒྱུད་དུ་སོང། དེ་ན་རིགས་གསུམ་མགོན་པོའི་སྤྲུལ་པ་ཡོད། གཅིག་ནི་བྲུམ་རྗེ་སྤྲུལ་པའི་ཆོས་འཕེལ་ལོ། གཅིག་ནི་རྔོག་སྟོན་ལེགས་པའི་ཤེས་རབ་བོ། གཅིག་ནི་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ངོ། གཞན་ཡང་ཐུབ་པ་མཆོག་གིས་བྱིན་བརླབས་པའི། སྤྲུལ་པའི་དགེ་སློང་ཤིན་དུ་མང་བར་ཡོད། དེ་དག་ཐམས་ཅད་ཁྱོད་ཀྱི་སྲས་སུ་འགྱུར། གངས་ཅན་རྒྱུད་དེར་བསྟན་པ་དར་བར་བྱེད། དེར་སོང་ཆོས་ཀྱི་བྱ་བ་འདི་ལྟར་མཛོད། རྡོ་རྗེ་ཐེག་པ་ནང་དུ་དར་བར་མཛོད། གཞུང་ལུགས་རྒྱ་མཚོ་ཕྱི་རུ་དར་བར་མཛོད། བསླབ་གསུམ་རྣམ་དག་རང་རང་དར་བར་མཛོད། ལས་ཅན་བརྟགས་ཤིང་