R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣༥ན
[A:༣༥ན] པར་བྱའོ་ཞེས་དཔའ་བསྐྱེད་པ་དང། ཐམས་ཅད་རྟ་ལས་མི་འབབས་པར་གྲལ་སྒོར་རམ་ཅིག་བྱས་ཏེ། དབུས་སུ་ཨ་ཏི་ཤ་ཆིབས་མཐོང་སྨོན་ཁྱུང་གཤོག་གི་སྟེང་ན་བཞུགས་ཏེ། སྐུ་འཁོར་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་དང། པཎྜི་ཏ་བིརྱ་ཙནྟྲ་དང། པཎྜི་ཏ་ཡེ་ཤེས་སྒྲོན་མེ་དང། ལོ་ཙཱ་བ་གུང་ཐང་པ་ལ་སོགས་པ་རབ་ཏུ་བྱུང་བའི་རྟ་པ་སུམ་ཅུ་རྩ་ལྔ་ལྔས་བསྐོར་བ་དབུས་སུ་བཞུགས་པ་ལ། མི་རྟ་ཐམས་ཅད་ཀྱི་མགོ་ནང་དུ་འདུད་ཅིང། བློན་པོ་ཆེན་པོ་བཞིས་དབུས་སུ་འོངས་ཏེ། སྔོན་རྒྱལ་པོ་ཡོན་མཆོད་ཞལ་འཛོམ་པའི་ཐོག་མར། མཁན་པོ་བོ་དྷི་ས་ཏྭའི་དྲུང་དུ། བློན་པོ་རིག་པ་ཅན་རྣམས་ཀྱིས་ཟོར་མའི་གླུ་བླངས་པ་ལྟར། བློན་པོ་རྣམས་ཀྱིས་གླུ་མཛད་པ་ནི། ལོ་ཞེས་བྱ་བ་གྲག་སྟོང་སྙན་པའི་གླུ་དབྱངས་ལོ། ཨ་ཞེས་བྱ་བ་སྐྱེ་བ་མེད་པའི་གནས་ལུགས་ཡིན། ལེ་ཞེས་བྱ་བ་སྣང་སྟོང་ཟུང་དུ་འཇུག་པའི་གླུ། མ་ཞེས་བྱ་བ་བྱམས་པས་འགྲོ་བ་ཡོངས་ལ་ཁྱབ། ལོ་དེ་ཞེས་པ་དེ་ཙམ་ཐུགས་ལ་གཞག་འཚལ་ལོ། ཨ་ལོ་ལ་ཞེས་བྱ་བ་སྐྱེ་བ་མེད་ཀྱང་གཏམ་འདི་གསོན། ཁྱེད་རྒྱ་གར་ཡུལ་ནས་བྱོན་པའི་མཁས་གྲུབ་པཎྜི་ཏ། ཡིད་བསམ་པ་བཞིན་དུ་འགྲུབ་པའི་ནོར་བུ་རིན་ཆེན་བཞིན། བོད་གསོལ་བ་འདེབས་པའི་རྟེན་དུ་བྱོན་པ་བཀའ་དྲིན་ཆེ། ཞེས་པ་ནས། ངེད་སྙིང་སྟོབས་ཆེན་པོའི་ལྷ་བཙུན་དྲུང་ནས་འོངས། ལུས་རྐང་པའི་མཐིལ་ནས་ཚངས་པ་མན་ཆད་འདི། སེམས་གུས་དང་བཅས་ཏེ་བླ་མ་ཁྱེད་ལ་འབུལ། ལྷ་ཁྱེད་ཀྱི་ཕྲིན་ལས་གང་དགོས་ངེད་ཀྱིས་བསྒྲུབ། རྗེ་རྒྱལ་པོའི་མངའ་རིས་དཔལ་གྱི་གཙུག་ལག་དེར། ཐུགས་མི་སྐྱོ་མི་མཉེལ་རང་ཡུལ་ལགས་པས་འབྱོན་པར་ཞུ། ལྷ་བཙུན་པ་བྱང་ཆུབ་འོད་དེ་ལྷ་དབང་བརྒྱ་བྱིན་ལྟར། འཁོར་ཉེ་དབང་ལྟ་བུའི་བཀུར་གནས་མཛད་ཅིང་ལྷ་མེར་བཞུགས། ལོ་ཨ་ལེ་ལ་