R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣༥བ
[A:༣༥བ] ལོ་དེ་ཨ་ལོ་ལ། ཞེས་བློན་པོ་རྟ་པ་གསུམ་བརྒྱ་དང་བཅས་པས། རྗེའི་སྙན་དུ་གླུ་དབྱངས་དེ་ཕུལ་བ་དང། ཨ་ཏི་ཤ་ཆིབས་ཀྱི་སྟེང་ན་ཁྲུ་གང་ཙམ་འཕགས་ཏེ། སྐུའི་དཀྱིལ་འཁོར་མཚན་དཔེས་སྤྲས་པ། ཞལ་འཛུམ་པ་དང་བཅས་པས་ཨ་ཏི་ཨ་ཏི། ཕ་ལ་ཕ་ལ། ཤིན་དུ་བཀྲ་ཤིས་ཞེས་སོགས་དང། འདི་ལྟར་རྒྱན་དཀར་བ། གོས་དཀར་བ། ཚིག་ཐམས་ཅད་དམ་པའི་ཆོས་སུ་འབྱུང་བ། བློན་པོ་འདི་དག་གི་ལུགས་ཀྱིས་ཆོས་ཀྱི་རྒྱལ་པོ་ལྷ་བཙུན་པ་དེ། ལྷའི་དབང་པོ་བརྒྱ་བྱིན་དང་ཁྱད་པར་མེད་པར་བཞུགས་ངེས་ཤེས་ཞེས་གསུང། དེ་ནས་བློན་པོ་ཆེན་པོ་ལྷའི་དབང་ཕྱུག་གིས། ཇོ་བོའི་དྲུང་དུ་ཐལ་མོ་སྦྱར་ནས། བསྟན་པའི་བདག་པོ་བོད་དུ་བྱོན་ལགས་སམ། སེམས་ཅན་རྣམས་ལ་བརྩེ་བར་བྱོན་ལགས་སམ། ཨེ་མ་དུས་གསུམ་འདོམས་པར་བྱོན་ལགས་སམ། བཤུལ་རིང་ལམ་ལ་མཉེལ་བར་མ་གྱུར་ཏམ། ཞེས་ཞུས་ཏེ། སྤྱན་རས་གཟིགས་ཀྱི་སྐུ་རྩ་ཕྱག་བཞི་བཅུ་པ་བྲིས་མ་ཐག་ཅིག་ཕྱག་རྟེན་དུ་ཕུལ་བ་དང། མགོན་པོ་ཤིན་དུ་དགྱེས་ནས། དེ་མ་ཐག་རབ་གནས་མཛད་ཅིང། སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། གཞན་ལ་ཕན་ཕྱིར་བརྩོན་པའི་གོ་ཆ་བསྣམས། ཐུགས་རྗེའི་རང་བཞིན་དྲི་མེད་དཀྱིལ་འཁོར་ཅན། འགྲོ་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་ལོ། དིང་སང་ཁོ་བོ་ཁྱེད་ཀྱི་ཞིང་འདིར་མཆིས། ཐུགས་རྗེས་འགྲོ་བའི་དོན་དུ་སྐྱབ་ཏུ་གསོལ། ཞེས་གསུང། དེ་ནས་བློན་པོ་གཞན་རྣམས་ཀྱིས་ཀྱང་རས་ཡུག་དཀར་པོ་རེ་ཕྱག་རྟེན་དུ་ཕུལ་ལོ། ཇོ་བོའི་ཞལ་ནས། ཁོ་བོ་ད་གཟོད་ཞིང་འདིར་སླེབ་པར་འོངས། འཁོར་བའི་ནགས་སུ་བདེ་བ་མ་མཆིས་ནའང། བཤུལ་རིངས་ལམ་ལ་འབྱུང་བཞི་སྙོམས་པར་བྱུང། ཆོས་རྒྱལ་འཁོར་བཅས་གཞི་ལ་བདེ་ལགས་སམ་གསུང། དེ་ནས་ཐམས་ངག་མཐུན་པར། ལྷ་ཆེན་པོ་