R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣བ
[A:༣བ]བདུན་ཁྲི། ཆིག་སྟོང་། ལྔ་བརྒྱ། ལྔ་བཅུ་འདས་པ་ན་ཤཱཀྱ་གཞུ་བརྟན་བྱུང། དེའི་བུ་སེང་གེ་འགྲམ་དང། སེང་གེ་སྒྲ་གཉིས། སེང་གེ་འགྲམ་གྱི་བུ་ཟས་གཙང། ཟས་དཀར། བྲེ་བོ་ཟས། བདུད་རྩི་ཟས་བཞི་དང། བུ་མོ་གཙང་མ། དཀར་མོ། བྲེ་མོ། བདུད་རྩི་མོ་རྣམས་སོ། རྒྱལ་པོ་ཟས་གཙང་དང། ཡུམ་སྒྱུ་འཕྲུལ་ཆེན་མོ་གཉིས་ཀྱི་སྲས་སུ་ཇོ་བོ་རྗེའི་བཞེད་པ་ནི། ཤིང་ཕོ་བྱི་བའི་ལོ་དཔྱིད་ཟླ་ཐ་ཆུང་ས་གས་ཉ་བའི་ཚེས་བཅུ་ལྔའི་ཉིན། ཁ་གཅིག་སྐར་མ་རྒྱལ་འཆར་བའི་དུས་སྦྱོར་རོ་ཞེས་གསུང་གསུངས་ལ། དེ་ཡང་གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་པ་གསེར་གྱི་དྲ་བས་བརྒྱན་པའི་གཟུགས་ཀྱིས་ཡུམ་གྱི་གློ་གཡས་ནས་ཞུགས་ཏེ་ལྷུམས་སུ་ཞུགས་པའི་མཛད་པ་དང། དེ་ནས་ཟླ་བ་བཅུ་རྫོགས་པ། ཤིང་མོ་གླང་གི་ལོ་ལ་སྐུ་བལྟམས་པའི་མཛད་པ། དེ་ནས་ལོ་ཉི་ཤུ་རྩ་དགུའི་བར་དུ་ཁབ་ཏུ་བཞུགས་ནས་བཟོའི་གནས་ལ་མཁས་པའི་མཛད་པ། བཙུན་མོའི་འཁོར་གྱིས་རོལ་བའི་མཛད་པ། ལོ་ཉི་ཤུ་རྩ་དགུ་པ་ཆུ་མོ་སྦྲུལ་གྱི་ལོ་ལ་ཁབ་ནས་ངེས་པར་འབྱུང་བའི་མཛད་པ་བསྟན་ཏེ། མཆོད་རྟེན་རྣམ་དག་གི་དྲུང་དུ་རབ་ཏུ་བྱུང་ནས། ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བ་སྤྱད་པའི་མཛད་པ། བྱང་ཆུབ་ཀྱི་སྙིང་པོ་རྡོ་རྗེ་གདན་དུ་གཤེགས་པའི་མཛད་པ་དང། ལོ་སུམ་བཅུ་རྩ་ལྔ་བཞེས་པ། ས་མོ་ཕག་གི་ལོ་དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བའི་ཡར་ངོའི་ཚེས་བཅུ་བཅོོ་ལྔའི་སྲོད་ལ་ལྷའི་བུའི་བདུད་བཅོམ་པའི་མཛད་པ། ཐོ་རངས་མངོན་བར་སངས་རྒྱས་པའི་མཛད་པའོ། དེ་ནས་དམ་པའི་ཆོས་ཀྱི་ཆེ་བ་དབྱུང་བའི་ཕྱིར། སངས་རྒྱས་སྟོང་པོ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་པོ་མི་མཇེད་ཀྱི་བདག་པོ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་