[A:༣༧བ] པོ་ལ། ཁྱོད་ཀྱིས་ཐང་བི་ཧ་རིའི་གཙུག་ལག་ཁང་དང། ལྷོའི་ཕྱོགས་སུ་དགེ་འདུན་གྱི་འདུ་ཁང། རྒྱ་བོད་གཉིས་ཀྱི་རབ་ཏུ་བྱུང་བ་ལ་པ་ཏྲ་ལེགས་པར་ཚུགས། དེའི་ས་བརྟག་པ་སོགས་རྟེན་འབྲེལ་ཐམས་ཅད་ཁོ་བོ་རང་གིས་ཚར་ཡོད། དེའི་ནང་དུ་དེ་བཞིན་གཤེགས་པའི་སྐུ་དགུང་ལོ་བརྒྱད་པའི་ཚད། སེང་ལྡེང་ལ་རྗེ་བཙུན་མ་སྒྲོལ་མའི་སྐུ། རྡོ་ལ་རྗེ་བཙུན་མི་གཡོ་བའི་སྐུ། ཙན་དན་གྱི་ལྡེ་གུ་ལ་སྤྱན་རས་གཟིགས་ཀྱི་སྐུ། གཙུག་ཏོར་དྲེ་མེད་ཀྱི་སྐུ་ལ་སོགས་པ་གང་གྲུབ་བཞེངས། དེའི་བཀོད་པ་ལ་པཎྜི་ཏ་གསུམ་པོ་གཏོང་བས་ཟླ་བ་དགུའི་ནང་དུ་གྲུབ་པ་གྱིས། རབ་ཏུ་གནས་པ་ཁོ་བོ་རང་ལ་བརྡ་སྦྱོར་གསུང་། དེ་ནས་བལ་པོའི་རྒྱལ་པོ་འཁོར་བཅས་ཕྱིར་ལོག་པ་ན། ལྷ་བཙུན་པས་བསྙེན་བཀུར་ཏེ། རྟ་སུམ་བཅུ་རྩ་གཉིས་དང། པཎྜི་ཏ་གསུམ་ལ་ཡང་གསེར་སྲང་རེ་ཕུལ་ཏེ། ལྔ་བརྒྱའི་དུས་འདིར་དམ་ཆོས་རྣམ་མང་ཡང། ལམ་དུ་འགྲོ་བ་བརྒྱ་ལམ་སྲིད་པ་ཙམ། བླ་མར་བཞུགས་པ་ཤིན་དུ་མང་ན་ཡང། ཨ་ཏི་ཤ་ཉིད་གཅིག་པུ་ཉིད་དུ་ཟད། བལ་པོའི་ཐང་ནས་སྐྱེལ་དུ་བྱོན་པ་ལེགས། ཞབས་གླའི་ཚུལ་དུ་རྟ་ཡི་ཚོགས་འདི་འབུལ། སྐྱེ་རྒ་ན་འཆིའི་ཆུ་བོ་རབ་སོམས་ལ། རྒྱལ་པོའི་དྲེགས་པ་སྤོངས་ལ་གཞན་དོན་བསྟེན། ཞེས་གསུངས་པས། བལ་པོའི་རྒྱལ་པོ་དགྱེས་བཞིན་དུ། གསེར་སྲང་སུམ་བརྒྱ་སྲས་ལྷའི་དབང་པོའི་ལག་ཏུ་གཏད་དེ། ལྷ་བཙུན་པ་ལ་ཕུལ་ནས། བལ་པོའི་རྒྱལ་པོས་གསོལ་པ། རྒྱལ་རིགས་ལུས་ལ་རྣམ་དག་ཁྲིམས་ལྡན་ཞིང། སངས་རྒྱས་བསྟན་ལ་དཔའ་བའི་གོ་གྱོན་ནས། འཇིག་རྟེན་སྒྲོན་མེ་བོད་དུ་སྤྱན་དྲངས་ཏེ། ཐམས་ཅད་ཆོས་ལ་འགོད་པ་ངོ་མཚར་ཆེ། བདག་གིས་བསྐྱེད་པའི་བུ་འདི་རྗེ་ལ་འབུལ། བསམ་པ་བཟང་པོ་གསེར་དང་འདྲ་བ་འདི།