R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༣༨བ
[A:༣༨བ] འདིར་ཐེག་པ་ཆེན་པོའི་ལམ་ལ་ལོག་པར་རྟོག་པའི་གང་ཟག་། དགེ་བའི་བཤེན་གཉེན་གྱིས་མ་ཟིན་པ་དག་ཕན་ཚུན་རྩོད་ཅིང། རང་རང་གི་རྟོག་གེས་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་དཔྱོད་ཅིང། སོ་སོར་མི་མཐུན་པ་དག་མཆིས་པས། དེ་དག་གི་ཐེ་ཚོམ་བསལ་དུ་གསོལ་ཞེས་པ་དང། གཞན་ཡང་ཐེག་པ་ཐུན་མོང་བའི་དྲི་བ་གཉིས། ཕ་རོལ་དུ་ཕྱིན་པའི་དྲི་བ་གཉིས། གསང་སྔགས་ལ་དྲི་བ་གསུམ་ལ་སོགས་པ་མང་དུ་ཞུས་ནས། བྱམས་པ་དང་ཀླུ་སྒྲུབ་ནས་བརྒྱུད་པའི་གདམ་ངག་བླ་མ་ཉིད་ཀྱིས་ཐུགས་ཉམས་སུ་བཞེས་པ་ཚིག་ཉུང་ལ་དོན་རྒྱས་པ་ཅིག་མཛད་པར་ཞུ་ཞུས་པས། མདོ་སྔགས་གཉིས་ཀའི་གནད་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པ་དང། སེམས་འདུལ་བའི་རིམ་པ་གཙོ་བོར་མཛད་པས་ལག་ཏུ་བླང་བདེ་བ་དང། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་གདམས་པས་བརྒྱན་པ་ལུགས་གཞན་ལས་ཁྱད་པར་དུ་འཕགས་པ་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད། ཡང་ལྷ་བཙུན་པས། རྒྱུད་གསང་བ་འདུས་པ། མན་ངག་ཡེ་ཤེས་ཞབས་ལུགས་དང། གཙོ་བོ་སྤྱན་རས་གཟིགས་ཀྱིས་མཛད་པའི་སྒྲུབ་ཐབས་ཞུས་པས། གསང་འདུས་འཇིག་རྟེན་དབང་ཕྱུག་གི་ལྷ་བཅུ་དགུའི་བསྒྲུབ་ཐབས་མཛད་དེ་གནང་ངོ། དེའི་ཚེ་ལོ་ཙཱ་བ་རིན་ཆེན་བཟང་པོས། རྒྱལ་པོས་སྤྱན་དྲངས་ལུགས། དཀའ་སྤྱད་དུ་མའི་མཐར་སྤྱན་འདྲོངས་ཚུལ་དང། པཎྜི་ཏའི་ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པ། སྔར་ནས་ཀྱང་ཐོས་ཤིང། རང་ཕྱོགས་སུ་བྱོན་ཚུལ་རྣམས་གསན་པས། དུས་དེང་སང་ང་ལས་ཡོན་ཏན་ཆེ་བ་མེད་དམ། པཎྜི་ཏ་བྱོན་ཀྱང་ཞུ་རྒྱུ་ཙམ་མ་མཆིས། ལྷག་པར་ཡང་པཎྜི་ཏ་དེ་འདུལ་ཁྲིམས་དང་མདོ་སྡེ་ལ་རྩལ་དུ་འདོན་པ་གཅིག་འདུག་ཟེར། དེའི་རིགས་ལ་ཐེག་པ་ཆེན་པོ་གསྔགས་ཀྱི་ལུགས་འབྱུང་བ་ཤིན་དུ་དཀའ། ལར་གང་ཟག་ བཟང་པོ་ཅིག་