[A:༣༩བ] དང་ཚུགས་ཉེ་བར་འཁོར་ཡིན་ནམ་སྙམ་པ་ལ་བརྟེན་ནས་རང་གི་སྟན་ལ་འབྲིད་ཐེབས་གསུམ་བྱས། མཐར་སྟན་མེད་པ་ཙམ་དུ་ང་རྒྱལ་སྐྱུངས། དེ་ནས་བསྙེན་བཀུར་ཏེ། ལོ་ཙཱ་བས་རྒྱ་གར་གྱི་ལོ་བརྒྱུས་རྒྱུས་མང་པོ་དྲིས་པས། སྒྲོ་སྐུར་མེད་པར་ཚང་བ་ལན་དུ་བྱུང། དེ་ནས་ཡོོན་ཏན་གང་ལ་མཁས་ཞུས་པས། ཁྱེད་ཐུན་མོང་བ་ལ་ཟེར་རམ། ཐུན་མོང་མ་ཡིན་པ་ལ་ཟེར་གསུང། ལོ་ཙཱ་བས་ཐུན་མོང་བ་ལ་ཤིན་ཏུ་མཁས་ཐུན་མོང་མ་ཡིན་པ་ལ་འདྲི་བ་ཡིན་གསུང་བར་གོ་ནས། ཐུན་མོང་མ་ཡིན་པ་ལ་ལགས་མོད་ཞུས་པས། ཁོ་བོ་འདི་དང་འདི་ལའང་མཁས་གསུང་ནས། ལོ་ཙཱ་བས་རྣ་བར་མ་ཐོས་པའང་མང་པོ་བཏོན་ནས་བྱུང། དེར་ལོ་ཙཱ་བའི་ང་རྒྱལ་ཐམས་ཅད་ཞི། དེ་ནས་པཎྜི་ཏའི་ཞལ་ནས། འདུལ་བ། མདོ་སྡེ། མངོན་པ། གསྔགས་ལ་སོགས་པ་དུ་མ་ལས་བརྩམས་ཏེ། འདི་ཤེས་སམ། འདི་ཤེས་སམ་ཞེས་དྲིས་པས། ཁོ་བོ་དེ་ལའང་མཁས་ཟེར་བ་མིན་པ་མ་བྱུང་། པཎྜི་ཏ་དེ་ལ་ཤིན་དུ་མཉེས་ནས། ཁྱོད་ལྟ་བུ་ཡོད་པ་ལ་ཁོ་བོ་བོད་དུ་འོང་མི་འཚལ་བར་འདུག་པ་ལ་ཞེས་པའང་གསུང། ཡང་ལོ་ཙཱ་བ་དེ་དག་ཐམས་ཅད་གདན་ཐོག་གཅིག་ཏུ་ཧྲིལ་ཏེ་ཧྲིལ་ནས་ཉམས་སུ་ལེན་ན་ཇི་ལྟར་བྱེད་གསུངས་པས། ལོ་ཙཱ་བ་ན་རེ། ཐེག་པ་མ་འདྲེས་སོ་སོར་གསལ། བྱ་བ་ཕྱེད་ལ་མ་འདྲེས་པར། རང་སར་ཉམས་སུ་ལེན་ལགས་མོད། ཞུས་པས། ཇོ་བོའི་ཞལ་ནས། ལོ་ཙཱ་བ་ངན་པར་ཐལ། བོད་ལ་ཁོ་བོ་དགོས་པར་འདུག་གསུང་ནས་ལན་གཞན་མི་སྨྲ་བར་བཞུགས། དེའི་ནུབ་མོ་ལོ་ཙཱ་བས། ནམ་ཐུན་གསུམ་དུ་བགོས་ནས། གནས་གསུམ་དུ་རིམ་གྱི་ཐེག་པའི་མཐོ་དམན་དང་བསྟུན་ཏེ་བསྒོམས་པས། ཁོང་གི་སྤྱོད་པ་ཐམས་ཅད་པཎྜི་ཏས་མཁྱེན་ནས། ནང་པར་ལོ་ཙཱ་བ། ཙབ་ཏ་ཙོབ་ཏ་མང་པོས་ཅི་བགྱིད། གང་གི་དམ་པ་རྡོ་རྗེའི་གདན་གནོན་དགོས་པ་ཡིན་གསུང་།