[A:༤༢ན] སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུལ་དུ་གྱུར་པ། བདག་ལྟ་བུ་བློ་དམན་པ་དག་གི་ཡུལ་མ་ཡིན་ཞིང། ཡེ་གེ་ཉུང་ངུ་དག་གིས་རྟོགས་པར་དཀའ་ལ། མཐོང་ཚད་ཙམ་ཞིག་བྲིས་ནའང་མང་བས། རྣམ་ཐར་རྒྱས་པ་དོན་དུ་གཉེར་ན་གདུལ་བྱ་ཐུན་མོང་བའི་བློ་དང་བསྟུན་པ་ལམ་ཡིག་ཏུ་གསུངས་པ་དང། དེ་ལས་བློ་མཐོ་བ་ལ་བྲཾ་ཟེ་བེ་ཏཱ་རི། བྱང་ཆུབ་བཟང་པོ། རིག་པའི་ཁུ་བྱུག། ཨ་བ་དྷཱུ་ཏཱི་པ། རཱ་ཧུ་ལ་གུཔྟ་རྣམས་བསྟེན་ཚུལ་ལ་བླ་མ་ལྔ་པ་དང། དེའི་སྟེང་དུ་ཐར་པར་གཤེགས་ནས་བླ་མ་གསེར་གླིང་པ། ཤཱནྟི་ལ་སོགས་བདུན་བསྟེན་ཚུལ་དང། བླ་མ་བཅུ་གཉིས་པ་དང། ཡི་དམ་གྱི་ལྷས་ལུང་བསྟན་པ་དངོས་གྲུབ་ཀྱི་འོད་ཟེར་དང། དམ་པ་ཆོས་ཀྱི་འབྱུང་གནས་ཆུང་བ་དང། ཆོས་ཀྱི་འབྱུང་གནས་ཆེ་བ་གསང་སྐོར་དུ་གྲགས་པ་རྣམས་སྟོན་པས་མཛད་པ་དང། དེ་རྣམས་དང་ཕྱོགས་མཐུན་པ་ལོ་ཙཱ་བས་བསྟོད་པ་བརྒྱད་བཅུ་པ་དང། ཐུན་མོང་མ་ཡིན་པ་རྣམས་བཀའ་གདམས་གླེགས་བམ་དུ་སྐྱེས་རབས་ཉི་ཤུ་རྩ་གཉིས་གསུངས་པ། ཇོ་བོ་ཡབ་སྲས་གཉིས་ཀའི་རྣམ་ཐར་ཤུགས་ལ་རྒྱས་པར་འབྱུང་བ་རྣམས་སུ་ཤེས་པར་བྱའོ། དེ་ལྟར་སྐལ་བ་དང་ལྡན་པ་རྣམས་ལ་མདོ་སྔགས་ཀྱི་གཞུང་གདམས་ངག་མ་ལུས་པ་བསྟན་ནས། བསྟན་པའི་སྲོལ་ནུབ་པ་རྣམས་གསར་དུ་གཙུགས། སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད། ལོག་པར་རྟོག་པའི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ། བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་ནས། དགུང་ལོ་དོན་གསུམ་པ་ཤིང་ཕོ་རྟའི་དབྱུག་གུ་ཟླ་བའི་ཚེས་ཉི་ཤུར་ལམ་ཡིག་ལས་གསུངས་ཀྱང། སྟོན་པའི་གསུང་གི་གྲལ་ཚེས་བཅུ་བཅོ་བརྒྱད་ལ་བྱོན་པར་བཞེད་དེ། དགའ་