[A:༤༣ན] འདུལ་འཛིན་གཟུས་རྡོ་རྗེ་རྒྱལ་མཚན། གནས་བརྟན་གསེར་བསོ་རྣམས་བྱོན་པ་ལས། ལྷ་བཙུན་པས་ཇོ་བོ་ཆེན་པོའི་ཆོས་མང་དུ་མཁྱེན། འཇིག་རྟེན་དབང་ཕྱུག་གི་ཞལ་གཟིགས། མངོན་ཤེས་ལྔ་ཐོབ། ལོ་ཆེན་རིན་བཟང་རིགས་ཁ་ཆེའི་གཡུ་རི་གཡུ་སྒྲ་བྱ་བ། ཡབ་གཞོན་ནུ་དབང་ཕྱུག། ཡུམ་ཅོག་རོ་ཤེས་རབ་བརྟན་མ། ལྕམ་སྲིང་བཞི་ཡོད་པའི་གཅེན་ཤེས་རབ་དབང་ཕྱུག་གིས་གཅུང་རིན་ཆེན་དབང་ཕྱུག་ཏུ་སྐུ་སྐྱེ་བ་བཞེས། དགུང་ལོ་བཅུ་གསུམ་ལ་མཁན་པོ་ལེགས་པ་བཟང་པོ་ལས་རབ་ཏུ་བྱུང་སྟེ། མཚན་རིན་ཆེན་བཟང་པོར་གསོལ་ལོ། དེའི་མོད་ལ་འདུལ་བ་རྒྱ་ཆེར་འགྲེལ་ཐུགས་སུ་ཆུད། དེ་ནས་རྒྱལ་པོའི་བཀས་ཁ་ཆེར་བྱོན། ལོ་ཙཱ་མཁས་པར་བསླབས། པཎྜི་ཏ་ཀཱ་ར་རྣམ་གསུམ་སོགས་རྒྱ་གར་གྱི་པཎ་གྲུབ་དུ་མ་ལ་གཏུགས། ཐེག་པ་མཐའ་དག་གི་ཆོས་ལ་སྦྱངས། བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད། ཨ་ཏི་ཤ་དང་པུ་རང་དུ་མཇལ་ཏེ། གུ་གེ་ཁྲི་ཐང་པས་མཛད་པའི་ལོ་ཆེན་གྱི་རྣམ་ཐར་ལས། དགུང་ལོ་བརྒྱད་བཅུ་རྩ་བདུན་ལ་མཇལ་བར་གསུངས། ཇི་ལྟར་མཇལ་བའི་ཚུལ་གོང་དུ་བཤད་ལ། གཞན་ཡང་ཡོ་ག།གསང་འདུས། བདེ་མཆོག་སོགས་ཀྱི་དབང་དང། རྒྱུད་ཀྱི་བཤད་པ། མན་ངག་སོགས་ཐེག་པ་གོང་འོག་གི་ཆོས་མཐའ་དག་གིས་ཐུགས་ཚིམ་པར་མཛད། རྡོ་རྗེ་རྣལ་འབྱོར་མའི་བྱིན་བརླབས་གནང་བས་རྟོགས་པ་ཁྱད་པར་ཅན་འཁྲུངས་པས་ལྷག་པར་དད་དེ། ལྷ་རྟེན་དང་དཔེ་མ་གཏོགས་པ་གང་ཡོད་ཕུལ། ཇོ་བོས་དབུས་སུ་ལོ་ཙཱ་ལ་འགྲོ་དགོས་གསུངས་པས། ང་རྒས་པས་མི་ནུས་ཞུས། འོ་ན་སྒྲུབ་པ་གྱིས་གསུངས་པས་མཉེས་ཏེ། ལོ་ཙཱ་བ་ཆེན་པོ་ལ་པཎྜི་ཏའི་བླ་མ་དྲུག་བཅུ་ཡོད་ཀྱང། ཇོ་བོ་ཉིད་མ་གཏོགས་པ་གཞན་རྣམས་ཀྱིས་སྒྲུབ་པ་ལ་