[A:༤༣བ] མ་ཆུད། དེ་ནས་ལོ་ཙཱ་བས་སྒོ་གསུམ་རིམ་དུ་བྱས་པ་ལ། དམ་བཅའ་བའི་ཡི་གེ་གསུམ་བྲིས་ཏེ་སྒྲུབ་པ་མཛད་པས། གསང་འདུས་དང། བདེ་མཆོག་གིས་ཞལ་གཟིགས། དགུང་ལོ་དགུ་བཅུ་རྩ་བརྒྱད་པ་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བདུན་སྐར་མ་ཉ་པ་མོད་པའི་ཉིན་མཁའ་སྤྱོད་དུ་གཤེགས་པར་གུ་གེ་ཁྲི་ཐང་པས་གསུངས་སོ། རྒྱ་བརྩོན་སེང་ནི། གཙང་སྟག་ཚལ་དུ་འཁྲུངས། རྟེན་དགེ་གཉེན། ཕྱིས་རབ་ཏུ་བྱུང་བ་མཛད། རྒྱ་གར་དུ་ཇོ་བོ་ལ་ཆོས་མང་དུ་གསན། འཇམ་དབྱངས་ཀྱི་སྤྲུལ་པར་ཆོས་ཀྱི་འབྱུང་གནས་སུ་བཤད་ཅིང། བལ་པོར་སྐུ་གཤེགས། ལོ་ཙཱ་བ་ནག་ཚོ་ནི། ཡུལ་གུང་ཐང་གདུང་ནག་ཚོ། མཚན་ཚུལ་ཁྲིམས་རྒྱལ་བ། འདུལ་བ་འཛིན་པར་གྲགས། རྒྱ་བརྩོན་སེང་ལ་མངོན་པ་མཁས་པར་བསླབས། དགུང་ལོ་ཉེར་བདུན་ལ་རྒྱ་གར་དུ་ཇོ་བོ་ཆེན་པོ་སྤྱན་འདྲེན་དུ་བྱོན། ལོ་བཅུ་དགུའི་བར་དུ་ཚུལ་བཞིན་བསྟེན། ཐུན་མོང་གི་ཡོན་ཏན་རྣམས་རྫོགས་པར་མཛད། ནག་ཚོས་སྙེ་ཐང་ནས་མངའ་རིས་སུ་འབྱོན་ཁར། ཇོ་བོས་བསླབ་བྱ་མང་དུ་མཛད་དེ། དམ་ཚིགས་གསུམ་བཀོད་ཀྱི་སྐུ་ཕྱག་ཏུ་བཟུང་ནས་བྱིན་བརླབས་མཛད། འདུལ་བ་མདོ་རྩ་དང། གསང་བ་འདུས་པའི་རྒྱ་དཔེ་དང། འགྲོ་ཆོས་སུ་ཐུན་མོང་མ་ཡིན་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་སྐོར་སོགས་སྦས་ཆོས་ཉི་ཤུ་གནང་སྟེ་ལུང་བསྟན་མང་དུ་མཛད། ཇོ་བོ་རང་གི་སྐུ་འཐེ་བོང་ཙམ་སེང་ལྡེང་ལ་བྲིས་ཏེ་ག་འུར་བཅུག་ནས། གུང་ཐང་པའི་དཔུང་པ་ལ་བཏགས། མཉེས་མཉེས་རྒྱ་ཆེན་མཛད། ཇོ་བོ་ལ་གུང་ཐང་པས་ཀྱང་ལན་གསོལ་ཏེ། ཕྱི་གཞག་རྣམས་འབྲོམ་ལ་གཞག། རྣལ་འབྱོར་པས་ཀྱང་ནག་ཚོ་ལ་བསླབ་བྱ་ཇི་ལྟར་མཛད་པའི་ཚུལ་རྣམས་སྙེ་ཐང་དུ་མཛད་པའི་ཞུ་ལན་དང། རྣལ་འབྱོར་པའི་