[A:༤༤ན] གཏོད་ཡིག་ཏུ་གྲགས་པར་གསལ་ལོ། དེ་ནས་མངའ་རིས་སུ་བྱོན་ནས། ལུང་བསྟན་པ་བཞིན་སྒྲུབ་པ་མཛད་པས། འཇམ་དཔལ་རྡོ་རྗེ། སྒྲོལ་མ་ཡི་གེ་དྲུག་པ་རྣམས་ཞལ་གཟིགས། མངོན་ཤེས་ཀྱང་མངའ་ལ། དེ་ལས་སློབ་བརྒྱུད་ཕྱག་སེར་བ་སོགས་བྱོན་ཚུལ་འོག་ཏུ་འཆད་དོ། ལོ་ཆུང་ལེགས་ཤེ་ནི། འཁྲུངས་ཡུལ་མངའ་རིས་པུ་རངས་པ། བལ་པོར་ཐང་བི་ཧ་ར་བྱ་བ་རྒྱལ་པོས་བཞེངས་པའི་གཙུག་ལག་ཁང་དུ། རྔོག་རིན་ཆེན་རྒྱལ་མཚན་གྱིས་ཞུ་སྣ་བྱས་ཏེ་ཇོ་བོ་དང་མཇལ། རྡོ་རྗེ་འབྱུང་བ། གཙུག་དགུ ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་མཆོག། སྟོད་འགྲེལ་དང་བཞིའི་རྒྱ་དཔེ། གསང་འདུས་ཀྱི་ཆོས་སྐོར་ཞུ་བའི་རྟེན་དུ་ཕུལ་ནས། ཇོ་བོ་དང་ལོ་ཙཱ་བས་བསྒྱུར། དེ་ནས་ཡོ་ག་རྣམ་གསུམ་གསུངས་ཏེ། བོད་དུ་ཇོ་བོའི་ཡོ་གའི་འཁོར་འདུས་པ་དང་པོ་ལོ་ཆུང་ལེགས་ཤེ་ཡིན་གསུང། ལོ་ཙཱ་བ་དགེ་བློ་ནི། ལོ་ཆེན་གྱི་སློབ་མ་རིག་པ་ཅན་གྱི་ཁྱེའུ་ལྔའི་ནང་ནས། གཉིས་ཁ་ཆེར་ཚད་པས་གྲོངས། གསུམ་པ་ནི་རྨ་ལོ་ཙཱ་བ་དགེ་བའི་བློ་གྲོས། མང་ཝེར་གྱི་ལོ་ཙཱ་བ་བྱང་ཆུབ་རྩེ་མོ། ལྗང་ལོ་ཙཱ་བ་རིན་ཆེན་གཞོན་ནུ་ལས་དང་པོ་སྟེ། ལོ་ཆེན་ལ་མཁས་པར་སྦྱངས། ཇོ་བོ་ཆེན་པོའི་དྲུང་དུ་ཆོས་མང་དུ་ཞུས། ཡུན་རིང་དུ་བསྟེན་ཅིང་ལམ་སྒྲོན་སོགས་འགྱུར་མང་དུ་མཛད་དོ། གོ་མི་སྒོམ་ཆེན་ནི། ཇོ་བོ་ལ་ལོ་ཆེན་གྱིས་རྣལ་འབྱོར་རྒྱུད་ཀྱི་སྐོར་གསན་པའི་དུས་སུ་སྦྱོང་རྒྱུད་དང། གཙུག་དགུའི་དབང་དང། རྒྱུད་ཀྱི་བཤད་པ་སོགས་གསན་ཏེ། ད་ལྟ་ཡང་གོ་མི་ནས་བརྒྱུད་པ་མ་ཆད་པར་བཞུགས་ཏེ། ཀུན་རིག་སོགས་སྒུར་ལུགས་སུ་གྲགས་པ་རྣམས་སོ། གཟུས་རྡོ་རྗེ་རྒྱལ་མཚན་གྱིས། དང་པོར་ཀླུ་མེས་ཅན་དུ་བྱོན་ཏེ། མདོ་རྩ་འགྲེལ་པ་དང་བཅས་པ་སོགས་འདུལ་བའི་གཞུང་རྣམས་