R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༤༤བ
[A:༤༤བ] ལ་མཁས་པར་སྦྱངས། དེ་ནས་ཇོ་བོའི་དྲུང་དུ་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་གསན་ཏེ། ངས་བསླབས་པའི་ཆོས་ཐམས་ཅད་ཀྱང་ལམ་དུ་སོང་གསུང། འདི་ལ་བུ་ཆེན་བཞི་སྟེ། སྟོད་དུ་ཞང་ཞུང་པ་རྒྱལ་བའི་ཤེས་རབ། འཇིམས་སུ་གཞོན་ཚུལ། དབུས་སུ་འབྲོམ་སེང་དཀར། སྟོད་པ་ཡེ་ཤེས་བླ་མ། དེ་རྣམས་ཀྱི་སློབ་མ་རྒྱ་འདུལ་འཛིན་ཡིན་ལ། འདིས་དགུང་ལོ་བརྒྱད་བཅུ་རྩ་ལྔ་བཞུགས། གྲ་གྲྭ་པ་འདུལ་བའི་བཤད་ཉན་ཕེར་བ་སྟོང་ལྷག་བྱུང་སྟེ། བོད་དུ་འདུལ་བའི་བཤད་གྲ་གྲྭ་རྣམས་དང། འདུལ་འཛིན་གསེར་རིའི་ཕྲེང་བ་ལྟ་བུ་བྱོན་པ་རྣམས་ཕལ་ཆེར་འདི་ལས་འཆེད་ཅིང། ཨ་ཏི་ཤ་ནས་བརྒྱུད་པའི་ཆོས་སྐོར་ལ་ཉམས་ལེན་མཛད་པས་སློབ་བརྒྱུད་དུ་གྱུར་པ་ཡིན་ནོ། གློ་བོའི་ཡུལ་ནས་སྟོན་པ་ཡང་རབ་སོགས་དང། གཙང་སྟོད་ནས་བྲག་སྟོན་ཆེ་ཆུང་གཉིས། ལེང་འབྲོག་ཆེ་ཆུང་གཉིས་བྱོན། གཙང་སྨད་ནས་འགར་འགོས་ཡོལ་གསུམ་ཞེས་གྲགས་ཆེ་བས་ཅུང་ཟད་བཤད་ན། དང་པོ་འགར་དགེ་བ་གསལ་གྱིས་ཇོ་བོ་ལ་མདོ་སྔགས་ཀྱི་ཆོས་མང་དུ་ཞུས། ཁྱད་པར་དུ་ལུ་ཡི་པའི་དབང་བཀའ། ལྷ་སྦས་ཀྱི་འགྲེལ་པ་ལ་བརྟེན་པའི་བཤད་བཀའ། ཆོས་ཚན་དགུ་ལ་སོགས་པའི་རྫོགས་རིམ་ཡོངས་སུ་རྫོགས་པར་གསན་ནས། དེས་ལྷ་རྗེ་སྟོད་པ་སྟེངས་པ་ཟླ་གསལ་སོགས་ལ་བརྒྱུད་པ་ད་ལྟ་ཡང་མ་ཆད་པར་འདུག་གོ། རྗེ་འགོས་ནི། རུས་འགོས། ཡབ་ཡུམ་རུས་གཅིག་པས་ཁུག་པ། ལྷས་ཕུག་ཏུ་འཁྲུངས་པས་ལྷ་བཙས་ཏེ། གྱི་ཅོ་ཟླ་བའི་འོད་ཟེར་དང་འགྲོགས་ཏེ་རྒྱ་གར་དུ་བྱོན། སྤྱིར་པཎྜི་ཏ་བདུན་བཅུ། མཁའ་འགྲོའི་བླ་མ་གཉིས་རྣམས་ལ་ཆོས་གསན། དེའི་ཚེ་པཎྜི་ཏ་མཉམ་པོ་ལའང་འདུས་པ་ལ་ཁ ཟིན་ཆེ་བར་སྣང་བས། ཐོག་མར་གསང་འདུས་ལ་