R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༤༥ན
[A:༤༥ན] སློབ་གཉེར་མཛད་དེ། འདུས་པ་ལ་མཁས་པའི་པཎྜི་ཏ་བཅུ་ཙམ་བསྟེན་པའི་ཡུལ་བྷཾ་ག་ལའི་མཁས་པ་ཆེན་པོ་དཱི་པམ་ཀཱ་ར་ཞེས་པ། རྒྱ་གར་དུ་འདུས་པ་གསན་པའི་དཔོན་སློབ་ཡིན་ལ། ཇོ་བོའི་གསང་འདུས་འཕགས་སྐོར་ཐམས་ཅད་མངའ་ཞིང། བོད་དུ་ཡང་ཆོས་མང་དུ་གསན་ཏེ། རྩ་བའི་སློབ་མ་ཡིན། སྤྱིར་སྔགས་ཐམས་ཅད། ཁྱད་པར་དུ་གསང་བ་འདུས་པ་ལ་མཁས་པར་གྲགས། འདི་ལ་སློབ་མ་རྒྱུད་ཀྱི་ཀ་བ་གཙུགས་པ་བཞི། མན་ངག་གི་གདུང་ཐེག་པ་བརྒྱད། ལས་ཚོགས་དང་ཕྲིན་ལས་ལ་མཁས་པ་ལྕམ་དང་དྲལ་མ་ལྟར་དཔག་ཏུ་མེད་པ་བྱོན་ནོ། ཡོལ་དབང་ནི། སྐུ་མཆེད་གསུམ་སྟེ། ཡོལ་དྲང་སོང། ཡོལ་ཐོག་འབེབས་དང་གསུམ་ཀ་ཇོ་བོའི་དངོས་སློབ་ཡིན་ཡང། འདིར་དང་པོ་སྟེ། ཇོ་བོ་གཙང་ཉང་ཚེ་གནས་སུ་ཕེབས་དུས། ཇོ་བོའི་ཞལ་ནས་ད་ནང་ཐོ་རངས་ནམ་མཁའ་ལ་ཧྲཱིཿདཀར་པོ་སྒྲ་དང་བཅས་པ་ཞིག་བྱུང། བཅུ་གཅིག་ཞལ་གྱི་སྐུ་ལི་མ་འདི་ལ་ཕོག། དེ་ལས་འོད་འཕྲོས་བོད་ཐམས་ཅད་འོད་ཀྱིས་ཁྱབ་ནས། འོད་དེ་བན་ཆུང་གཞོན་ནུ་གཅིག་ལ་ཕོག་པས། དེའི་སྒྱུ་ལུས་འོད་གསལ་དུ་ཤར་བ་རྨིས་གསུང། ཉི་མ་རྩེ་ཤར་ཡོལ་ཆོས་དབང་བཙུན་ཆུང་ལོ་བཅུ་དྲུག་ལོན་པ་ཅིག་གིས་དར་དང་གསེར་ཕུལ། བདག་ལ་ཐུགས་རྗེ་ཆེན་པོའི་གདམས་ངག་ཅིག་ཞུ་ཟེར་བས། ཇོ་བོ་དགྱེས་ནས་བཅུ་གཅིག་ཞལ་གྱི་སྐུ་དེ་ཡང་གནང། སྤྱན་རས་གཟིགས་དང། རྟ་མགྲིན་སོགས་ཀྱི་ཆོས་སྐོར་རྣམས་སྔ་ཕྱིར་རྫོགས་པར་གནང། ཐུགས་རྗེ་ཆེན་པོ་ཞི་ཁྲོ་མང་དུ་ཞལ་གཟིགས་ཏེ་དངོས་གྲུབ་བརྙེས་སོ། གཞན་ཡང་སྟོད་ལུང་པ་གནམ་གྱི་རྫིང་ཁ་བ་མལ་ཤེས་རབ་སེམས་དཔས། ཇོ་བོ་ལ་ཡུན་རིང་དུ་བསྟེན་ཏེ་བསྒོམས་
ནས་
སྨིན་མཚམས་ནས་འོད་ཟེར་བྱུང། དེའི་རྗེས་སུ་