[A:༤༥བ] སེམས་བཅུག་ནས་བསྒོམས་པས། ཞིང་ཁམས་མང་པོ་མཐོང་བ་བྱུང་སྟེ། ཇོ་བོ་ལ་ལམ་དུ་འགྱུར་རམ་ཞུས་པས། ཞི་གནས་ཀྱི་ཆ་མཐུན་ཡིན། བླ་མ་མཚན་ཉིད་དང་ལྡན་པས་ཟིན་ན་ལམ་དུ་འགྱུར་གསུང། ཡང་ལན་གཅིག་སྙེ་ཐང་ན་ཇོ་བོའི་གཟིམས་ཆུང་དུ་ཁོང་རྟོགས་པ་འབུལ་བ་ལ། ཁུ་སྟོན་གྱིས་ལྐོག་ཉན་བྱས་པས། ས་ཐོབ་པ་ཙམ་དུ་མངོན་ཏེ། ཁོང་ཕྱིར་བྱུང་བའི་རྗེས། ཁུ་སྟོན་གྱིས་ཇོ་བོ་ལ། དེ་སུ་ལགས། རྟོགས་པ་ཇི་ཙམ་དུ་འདུག་ཞུས་པས། མལ་ཤེས་རབ་སེམས་དཔའ་བྱ་བ་ཐེག་པ་ཆེན་པོའི་སྦྱོར་ལམ་དྲོད་ལ་ཉེ་བར་འདུག་གསུང། དེ་གར་སོང་ཞུས་པས། ཁོ་རྐང་མགྱོགས་ཀྱི་དངོས་གྲུབ་ཐོབ་པས་ཀླུང་ཤོད་ངར་གྱི་ལ་ལ་སླེབ་སོང། ར་སྒྲེང་ལ་འགྲོ་བར་འདུག་གསུང། འདིས་སྟོད་ལུངས་ཚ་ཐོག་གི་དགོན་པ་བཏབ་སྟེ། སྤྱན་སྔའི་རབ་བྱུང་མཛད་པའི་མཁན་པོ་ཡིན་ནོ། དབུས་ནས་ཁུ་རྔོག་འབྲོམ་གསུམ་གྲགས་ཆེ་བས་འོག་ཏུ་འཆད་དོ། གཞན་ཡང་རྟོག་བྱང་ཆུབ་འབྱུང་གནས། གླན་ཡེ་ཤེས་ཤེས་རབ། ཞང་སྣ་ནམ་རྡོ་རྗེ་དབྱུག་གསུམ་ལ། ཐེག་ཆེན་གདུང་རྒྱུད་བརྟན་མཛད་གསུམ་དུ་གྲགས། ཀ་བྷ་ཡ་ཤཱཀྱ་དབང་ཕྱུག། རག་ཤི་སྟོན་པ་ཚུལ་ཁྲིམས་འབྱུང་གནས། རྨ་སྟོན་པ་ཤཱཀྱ་བྱང་ཆུབ། དར་སྟོན་པ་བྱང་ཆུབ་གསལ། རྦ་སྟོན་པ་གཡུང་དྲུང་རིན་ཆེན། གར་ལི་སྟོན་པ་ཡོན་ཏན་གཡུང་དྲུང་། རྒྱུས་སྟོན་པ་ཆོས་ཀྱི་རྒྱལ་པོ། བང་སྟོན་བྱང་ཆུབ་རྒྱལ་མཚན། འདང་ལྗང་སྟོན་པ། ཞང་སྣ་ཆུང་སྟོན་པ། ལྷབ་མི་སྟོན་པ་ཤེས་རབ་འོད་ཟེར་ཏེ་དབུས་ཀྱི་སྟོན་ཆེན་བཅུ་གཅིག་གོ ཞང་བཙུན་ཡེར་པ་བ་ཡེ་ཤེས་འབར། ས་ཕུག་པ་ཞུ་སྒོམ། མཁའ་རུ་བ་ཆེན་པོར་གྲགས་པ་སྔ་མ་སྟེ། སྒྲུབ་པ་རྩེ་གཅིག་ཏུ་མཛད་པ་གསུམ་མོ། གཞན་ཡང་རྔོག་སྒོམ་ཡོན་ཏན་རྒྱལ་པོ། སྒོམ་པ་དད་པ་བླ་མ་