[A:༤༦ན] རྣལ་འབྱོར་པ་གཡུང་དྲུང་རྒྱལ་མཚན། སུམ་པ་མཐུ་ཆེན། སྒྲོ་ཨཱརྱ་བྱང་ཆུབ། ཁུ་སེང་གེ་རྒྱལ་མཚན་རྣམས་བྱོན། ཞང་བཙུན་ཡེར་པ་བ་ཡེ་ཤེས་འབར་ནི། རྗེ་བཙུན་བྱམས་པ་ལ་ཆོས་གསན་པར་གསུངས་ཤིང། སྤོ་ཏོ་བའི་གནས་ཀྱིི་སློབ་དཔོན་ཡིན་ལ། ཕྱིས་ཀྱི་ཞང་ཡེར་པ་བ་བསྟན་ཀྱའོ། བླ་མ་ཞང་གི་བླ་མ་དང་མི་གཅིག་ལ། དེ་རྣམས་ཇོ་བོ་ཆེན་པོའི་ཐུན་མོང་མ་ཡིན་པའི་སློབ་མ་ཡིན་ནོ། གཞན་ཡང་མར་པ་ལོ་ཙཱ་ལ་དབང་རིན་ཆེན་ཕྲེང་བ་གནང། ཁྱུང་པོ་རྣལ་འབྱོར་ལ་སེམས་སྐྱེད། བྱམས་ཆོས། བདེ་མཆོག། གསང་འདུས། གཤེད་སྐོར་དང་བཅས་པ་གནང། མར་པ་དོ་པ་དང། པུ་རངས་ལོ་ཆུང་ལ་བདེ་མཆོག་གི་སྐོར་རྣམས་གནང། བ་རི་ལོ་ཙཱ་བ་ལ་སྒྲའི་སྐོར་རྣམས་གནང་སྟེ། མདོར་ན་གངས་རིའི་ཁྲོད་འདིར་ཀུན་ལ་བཀའ་དྲིན་གྱིས་ཁྱབ་པར་མཛད་དོ། ཁམས་ནས་རྣལ་འབྱོར་པ་ཆེན་པོ། དཔལ་ལྡན་དགོན་པ་བ། རྣལ་འབྱོར་པ་ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ་དང་བཞི་ལ་ཁམས་ལ་སྐུ་མཆེད་བཞི་ཞེས་གྲགས་པ་ཅུང་ཟད་བཤད་ན། རྣལ་འབྱོར་པ་ཆེན་པོ་འཁྲུངས་ཡུལ་མདོ་སྨད་ཙོང་ཁ། ཡོས་བུ་ལོ་པ། གདུང་རུས་ལུང། མཚན་བྱང་ཆུབ་རིན་ཆེན། ལོ་སུམ་བཅུ་རྩ་གཉིས་ལ་དབུས་སུ་བྱོན། ཇོ་བོ་དང་ཐོག་མར་མང་ཡུལ་བཟོོ་གནས་སུ་མཇལ། ལོ་དགུ་བསྟེན་ནོ། དཔལ་ལྡན་དགོན་པ་བ་མདོ་ཁམས་སྟོད་ཀྱི་འདན་མ། སྒ་པའི་སྒྲོལ་མ་ལྷ་ཁང་པ། གདུང་རུས་འཇེང། འབྲུག་ལོ་པ། མཚན་དབང་ཕྱུག་རྒྱལ་མཚན། མདོ་ཁམས་ནས་དང་པོ་སྐམ་པོ་རི་པ་བྱ་བའི་གྲུབ་ཐོབ་ཅིག་ལ་གཏད་ནས་བྱོན། མངའ་རིས་ན་པཎྜི་ཏ་བྱོན་འདུག་བྱ་བ་གསན་པས། ཇོ་བོ་དང་ཉན་ཚོ་གནས་རྙིང་དུ་མཇལ། རྣལ་འབྱོར་པ་དང་གཉིས་ལ། ཇོ་བོས་ཐུན་མོང་གི་ཆོས་བཞིས་སྣོད་རུང་དུ་མཛད་ནས། ལྷ་འདི་དང་ལས་འབྲེལ་འདུག་གསུང་སྟེ། དམ་ཚིག་གསུམ་བཀོད་ཀྱི་སྒྲུབ་ཐབས་གནང་ནས་བསྒྲུབས་པས། བཟླས་པ་