[A:༤༦བ] སྟོང་ཕྲག་བརྒྱད་བརྒྱད་སོང་ནས་ཞལ་གཟིགས། ཇོ་བོ་ལོ་དགུ་བསྟེན། རྣལ་འབྱོར་པ་ཤེས་རབ་རྡོ་རྗེས། ཇོ་བོ་ལོ་ལྔ་བསྟེན་ཅིང། རྔོག་ལེགས་ཤེ་དང་ལྷན་དུ་བཞུགས་ཏེ་གསང་ཕུར་སྐུ་གཤེགས་སོ། ཕྱག་དར་སྟོན་པས་ཀྱང་ཇོ་བོ་ལོ་ལྔ་བསྟེན་ཏེ། སྙེ་ཐང་དུ་བོད་སྟོན་རྣམས་ཀྱིས་ཕར་ཕྱིན་གསུང་བར་ཞུས་པས། ཐོག་མར་པཎྜི་ཏའི་ལུགས་དང། དེ་ནས་ཇོ་བོ་ཉིད་ཀྱི་བཞེད་པ་སྟོན་པ་བཞིའི་སྒོ་ནས་འཁྲིད་ཚུལ་གསུངས་པ། ཕྱག་དར་སྟོན་པས་ཟིན་བྲིས་སུ་བཏབ་པས་ཤིན་དུ་ལེགས་པ་ཅིག་བྱུང། ཕར་ཕྱིན་ཁམས་ལུགས་མར་གྲགས་ཏེ། ཁོང་ཕར་ཕྱིན་ལ་རྩལ་ཐོན་པར་གསུངས། གཉིས་པ་ཆོས་བརྒྱུད་འཛིན་པའི་སློབ་མ་མཆོག་བྱོན་ཚུལ་ལ་གསུམ། བཤེས་གཉེན་སྟོན་པ་བྱོན་ཚུལ། དགེ་བཤེས་གསང་ཕུ་བ་བྱོན་ཚུལ། ནག་ཚོའི་རྗེས་སློབ་བྱོན་ཚུལ་ལོ། དང་པོ་ནི། དེ་རྣམས་ཀྱི་ནང་ནས་ཇོ་བོ་ཆེན་པོའི་ཆོས་ཀྱི་བརྒྱུད་པ་འཛིན་པའི་མཆོག་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཡིན་ཏེ། འཁྲུངས་ཡུལ་བྱང་རྩ་སྒྱེ་མོ་ཕྱོགས་སུ་མཛད། གདུང་རུས་འབྲོམ་གྱི་ནང་ཚན་བྲག་གསུམ། ཡབ་སྟག་གསུམ་སྐུ་གཞེར། ཡུམ་ཁུ་ལྡེ་བཟའ་གཉིས་ཀྱི་སྲས་སུ་ཤིང་ཕོ་འབྲུག་ལ་འཁྲུངས། གཞུར་ཞང་པོའི་སར་གཡུང་ཆོས་མགོན་ལ་ཀློག་བསླབས། སློབ་གཉེར་མཛད་ཀྱི་ཡོད་པའི་དུས། རྒྱལ་གྱི་ཞང་ཆེན་པོ་ལ་དགེ་བསྙེན་གྱི་སྡོམ་པ་བླངས། དེ་ནས་དགུང་ལོ་བཅུ་བདུན་བཞེས་པ་ལ། སེ་བཙུན་དབང་ཕྱུག་གཞོན་ནུ་ཁམས་ནས་ཡར་བྱོན། རྒྱ་གར་དུ་འབྱོན་པར་བཞེད་དེ། བལ་ཡུལ་བར་བྱོན། ལོ་གཅིག་ན་སླར་ལོག་པ་དང་མཇལ། འཁྲིད་པར་ཞུས་པས་སང་རེད་ཤོག་གསུང་བས། ཚོང་པ་དང་འགྲོགས་ཏེ་བྱོན། ཁམས་འདན་མའི་ཡུལ་དུ་ལོ་ཧྲིལ་པོ་