R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༤༧ན
[A:༤༧ན] བཅུ་དགུ་སེ་བཙུན་ལ་བསྟེན། མདོ་སྔགས་ཀྱི་ཆོས་མང་དུ་གསན། མཁས་པར་གྱུར་ཏེ་དགེ་བསྙེན་ཆོས་འཕེལ་དུ་གྲགས། སྙིང་རྗེ་པད་དཀར་དུ། བྱང་ཕྱོགས་སུ་བསྟན་པ་ལ་དད་པ་ལྷར་སྐྱེ་ཞིང། རབ་བྱུང་ཆོས་བཞིན་མི་སྤྱོད་པ་ལོག་པར་ལྷུང། དེར་དགེ་བསྙེན་ཆོས་འཕེལ་ཞེས་པ་རྫུ་འཕྲུལ་དང་ལྡན་པ་འབྱུང་ཞེས་པ་དང། སངས་རྒྱས་ཕལ་པོ་ཆེར། བྱང་ཕྱོགས་སུ་དགེ་བསྙེན་ཆོས་འཕེལ་བྱ་བ་འབྱུང་ཞེས་འབྲོམ་སྟོན་པ་ལུང་བསྟན། འབྲོམ་གྱི་དགོངས་པ་ལ། དལ་འབྱོར་མི་ལུས་ཐོབ་པར་དཀའ་བ་རྙེད་པའི་དུས་འདིར། ཆོས་རྣལ་མ་ཅིག་བྱེད་ན་འདི་ཙམ་གྱིས་ཆོག་གམ་མི་ཆོག།རྒྱ་གར་མཁས་པ་ཅིག་ལ་འདྲི་བ་ལ། བར་དུ་ལོ་ཙཱ་བ་མི་དགོས་པ་བྱེད་དགོངས་ཏེ། པཎྜི་ཏ་རྒྱའི་ཚེར་མ་བྱ་བ་ལ་བི་བརྟ་ལ་སོགས་པ་བསླབས། ཁ་གཅིག་སྨྲྀ་ཏི་ཛྙཱ་ན་དང་གཅིག་པར་འདོད། དེ་ལ་ལོ་ཙཱ་མཁས་པར་བསླབས། དེར་སེ་བཙུན་གྱི་ཞལ་ནས། ཕ་དང་འཕྲད་པར་སོང་གསུང་སྟེ། དགུང་ལོ་སོ་བརྒྱད་འགྲོ་བ་ལ་ཡར་བྱོན། བྱང་འཕྲང་ཁ་སོག་ཆུ་ཁར་ཕེབས། འཕྲང་ཁ་བེར་ཆུང་གིས་ར་སྒྲེང་གི་དགོན་པ་ཕུལ། མངའ་རིས་ལྷ་བླ་མ་བས་པཎྜི་ཏ་སྤྱན་དྲངས་ཏེ་ཕེབས་པ་སྔར་ནས་གསན་ཀྱང། དེའི་ཚེ་རིང་པོ་མི་ཐོགས་པར་རྒྱ་གར་དུ་འབྱོན་པར་འདུག་ཟེར་བས། མཚན་ཐོས་པ་ཙམ་གྱིས་ལྷག་པར་དད་པ་སྐྱེས་ཏེ་ཡར་བྱོན། ཇོ་བོ་དཔོན་སློབ་པུ་རངས་ན་བཞུགས་པ་ལ། སྒྲོལ་མའི་ཞལ་ནས། ད་ནི་ཞག་གསུམ་དྲོ་དང་བཞི་ན་བོད་ཀྱི་ཨུ་པཱ་ས་ཀ་འབྱོན་པས་བྱིན་གྱིས་རློབས་ཤིག་གསུང། ཇོ་བོས་ཀྱང་དེའི་སྟ་གོན་མཛད། ཨུ་པཱ་ཉེ་བ། ཨ་ས་ཀ་གནས་པ་སྟེ་