[A:༤༧བ]མཚམས་སྦྱར་བས། ཨུ་པཱ་ས་ཀ་ཉེ་བར་གནས་པའམ། དགེ་བསྙེན་ལ་འཇུག་ལ། པའི་རིང་པོ་ཆད་པ་དང། སི་ཀ་ཅེས་པ་མ་དག་སྟེ། ཨུ་པ་སི་ཀ་དགེ་བསྙེན་མ་ལ་འཇུག་གོ། དེ་ནས་རྟའི་ལོ་རང་ལོ་སོ་དགུར་པ་ལ་ཇོ་བོ་དང་མཇལ། བྱིན་གྱིས་བརླབས། དབང་བསྐུར། འཇམ་དཔལ་རྡོ་རྗེའི་སྐུ་ཡང་གནང། ཁྱོད་བླ་མ་རྣམས་དང་སྒྲོལ་མས་ལུང་བསྟན་པའི་སློབ་མ་ཡིན་པས་ངའི་རྩར་སྡོད། ངའི་བཀའ་བརྒྱུད་འདི་ལ་གསོལ་བ་ཐོབ་དང་བྱིན་བརླབས་ཡོད་ཀྱི། བྱིན་བརླབས་འབྱུང་གི་གསུང། དེའི་ཚེ་ཇོ་བོ་ཉིད་ཀྱང་རྒྱ་གར་དུ་ལྡོག་པར་བཞེད། ལོ་ཙཱ་བ་ཡང་སྔར་གྱི་ཆད་ཡོད་པས་ཕར་གདན་འདྲེན་བཞེད་པ་ལ། སྟོན་པས་ཀྱང་བཞུགས་པར་ཞུ་མ་ནུས། འོན་ཀྱང་ཐབས་མཁས་པས། དབུས་ན་རྒྱལ་བློན་གྱི་གཙུག་ལག་ཁང་ཡོད་ཚུལ་དང། དགེ་འདུན་གྱི་སྡེ་མང་དུ་བཞུགས་པ་རྣམས་ཇོ་བོ་ཕེབས་པར་མོས་ཚུལ་དང། བོད་སྟོན་རྣམས་ལ་ཡང་ཆད་པ་ཡོད་པ་བཞིན་ཕྲིན་ཡིག་བཏང་བ་སོགས་གོང་དུ་བཤད་པ་ལྟར། དཀའ་བ་དུ་མས་བོད་དུ་སྤྱན་དྲངས་ཏེ། སྟོན་པས་ལོ་བཅུ་གསུམ་ཚུལ་བཞིན་དུ་བསྟེན་ཅིང། བཤེས་གཉེན་སྟོན་པ་ལ་བླ་མ་ལྔ་ཡོད་པ་ནི། དང་པོར་ཀློག་བསླབས་པའི་སློབ་དཔོན་གཞུའི་ཀུན་དགའ་ར་བའི་གཡུང་ཆོས་མགོན་རྒྱལ་གྱི་ཞང་ཆེན་པོ། སེ་བཙུན་དབང་ཕྱུག་གཞོན་ནུ། པཎྜི་ཏ་སྒྲའི་ཚེར་མ། ཇོ་བོ་ནི་འགྲན་གྱི་དོ་མེད་ཡིན་ལ། སྤྱིར་ཇོ་བོའི་ཆོས་ཐམས་ཅད་ཐུགས་ལ་མངའ་སྟེ། མི་འཆུག་བསྡམས་པ་ལས་ཀྱང་ཇོ་བོའི་ཞལ་ནས། གཞུང་བཟང་ཁྱོད་ནི་ཚངས་སྤྱོད་སྡོམ་པས་ཕྱུག། སྨོན་འཇུག་སེམས་བསྐྱེད་ལག་ལེན་སྙིང་རྗེས་མཛད། དབང་བཞི་ཡོངས་རྫོགས་གསང་བ་ཕྱིར་མི་ལྡོག།