R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༤༨བ
[A:༤༨བ] པའི། བདེ་བར་གཤེགས་པ་རྒྱལ་བ་གཉིས་པ་འདིའི། བརྒྱུད་པར་བཅས་པའི་རྗེས་སུ་འབྲང་དུ་བྱུང། དེ་ཡིས་ཁོ་བོ་བོད་དུ་ལུས་བླངས་ཀྱང། བསོད་ནམས་མི་ཆུང་ཤིན་དུ་སྐལ་བ་བཟང། ཞེས་པའི་བར་དུ་གསུངས་སོ། དེ་ལྟར་མཇལ་བའི་དུས་དང་། བསྟེན་པའི་ལོ་གྲངས་འདི་ལས་གཞན་དུ་འདོད་པ་མ་དག་པར་མངོན་ནོ། ཇོ་བོ་དགའ་ལྡན་དུ་གཤེགས་ནས་ཀ་བ་ཤཱཀྱ་དབང་ཕྱུག་སོགས་བོད་སྟོན་རྣམས་ཀྱིས། ཇོ་བོའི་འདས་མཆོད་སྙེ་ཐང་དུ་གཏང། སྟོན་པས་ཇོ་བོའི་གདུང་དང་རྟེན་གསུམ་སོགས་སྤྱན་དྲངས་ཏེ། ཤིང་མོ་ལུག་གི་ལོ་ལ་ར་སྒྲེང་དུ་བྱོན། དགོན་པའི་ས་དཔྱད་གཟིགས་པས་ཤིན་དུ་ལེགས་པར་དགོངས་ཏེ། བྲག་སེང་གེའི་ཞོལ་དུ་རྣལ་ལམ་བརྟགས་པས། དབུ་རྩེའི་ས་ན་གསེར་གྱི་མཆོད་རྟེན་འདུག་པའི་འོད་ཟེར་ལས། དབུ་རྩེ་གནྡྷི་ར་སེར་ལྷག་གེ་བ་མང་པོ་བྱུང་ནས། བོད་ཡུལ་ཐམས་ཅད་འོད་ཀྱིས་གང་བར་བྱས་ཏེ། ཚུར་འདུས་ཤུག་པའི་གསེབ་ཐམས་ཅད་གང་བ་དང། གཞན་ཡང་རྩེ་འཕྱིང་དཀར་བ་མར་གྱི་ཕུང་པོ་དང། ཕ་བོང་ཐང་རིན་པོ་ཆེའི་ཕུང་པོར་སོང་བ་ལ་སོགས་པའི་ལྟས་ཁྱད་པར་ཅན་མང་པོ་རྨིས་ཏེ། ནང་པར་སུམ་པ་མཐུ་ཆེན་དང། རྣལ་འབྱོར་པ། དགོན་པ་བ་གསུམ་གྱིས་ལྟས་བཟང་ཞུས་པས། བཟང་གསུང་ནས། དགོན་པ་འདེབས་པར་ཐག་བཅད། ས་འདུལ་ལ་བརྒྱད་སྟོང་པ་འགྲེལ་པ་དང་བཅས་པ་གསུངས། མེ་ཕོ་སྤྲེའུ་ལོ་ལ་དགོན་པ་གོང་དང། གཟིམས་ཁང་རྣམས་བཏབ། མེ་མོ་བྱའི་ལོ་ས་ག་ཟླ་བའི་ཚེས་གཉིས་ལ་ས་ཆོག་མཛད། དཔལ་གསང་བ་འདུས་པ་ལྷ་བཅུ་དགུའི་ཐིག་བཏབ་སྟེ། ཀ་གཉིས་མའི་རྨང་བཏིང། གུར་དཀར་ཕིབ། ཇོ་བོའི་གདུང་དང། དངུལ་གདུགས་ཅན། འཇམ་དཔལ་རྡོ་རྗེ་ལ་སོགས་པ་བཞུགས། ཟོ་བོ་བི་རི་རྣལ་འབྱོར་བྱ་བས་