R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༤༩ན
[A:༤༩ན] ཀ་གཉིས་མ་རྒྱ་ཕིབས། ཁྱམས་སྟོད་ཀ་བ་བཅུ་གཉིས་རྣམས་བྱ་ལོ་རང་ལ་གྲུབ་པར་མཛད། དེ་ནས་ན་ནིང་ཆུ་མོ་ཡོས་ཡན་ལ་འདས་ལོ་བཞི་བརྒྱ་དང་ཉི་ཤུ་རྩ་བདུན་སོང། རྟེན་གསར་དུ་བཞེངས་པ་རྣམས་ཀྱི་རབ་གནས་སོགས། རྣལ་འབྱོར་པ་གོང་འོག་གིས་གྲོགས་མཛད་དེ་ཕུན་སུམ་ཚོགས་པར་གྲུབ་ནས། ཇོ་བོའི་གདུང་བཞུགས་པའི་ཁྱུང་མགོ་ཅན་གྲུབ། འདི་མན་ཆད་ལ་བྱེད་པ་པོ་ཅིག་འོང་གི་གསུང་ནས། འཛིན་རྡོ་ཡོན་ཏན་འབར་པ་ཁྱོད་འཇིག་རྟེན་གྱི་ཤེས་ཆེ་བ་ཡིན་གྱིས། ཁོ་བོས་ཚེ་འདིའི་རྣམ་རྟོག་སྤོང་བློ་ཅིག་བགྱི་གསུང་སྟེ། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང། ཞེས་སོགས་གསུངས་ཤིང། འཇིག་རྟེན་ཆོས་བརྒྱད་མགོ་སྙོམས་མཛད་དོ། དེ་དུས་རྣལ་འབྱོར་པ་ཕྱག་ཁྲི་མཆོག་ཇོ་བོ་ལོ་ལྔ་བསྟེན་པ་དེ་ར་སྒྲེང་ན་བཞུགས་པ། ཁོ་བོ་མཚམས་ཤིག་བྱེད་པ་ཡིན་གསུང་ནས། འཇིག་རྟེན་གྱི་རྣམ་པར་རྟོག་པ་ལ་མཚམས་པོ་ཆེ་མཛད་དེ། ཤུག་གསེབ་ན་གང་དགར་བཞུགས་ནས་རྩེ་གཅིག་ཏུ་སྒྲུབ་པ་མཛད། དགུང་ལོ་ཞེ་གཉིས་འགྲོ་བའི་དུས། དགེ་བཤེས་སྟོན་པས་འཁོར་གཅིག་ལ་བདུད་རྩི་ཀ་པཱ་ལ་གང་བསྐུར་ཏེ། ཕྱག་ཁྲི་མཆོག་ལ་གཏད་པ་གསོལ་ནས་མཁའ་སྤྱོད་དུ་གཤེགས་སོ། དེ་ལྟར་བཤེས་གཉེན་སྟོན་པ་ཐུགས་ཟབ་ལ་བཀྱེལ་ཆེ་བ། མཁྱེན་པ་རྒྱ་མཚོ་ལྟ་བུ་མངའ་བ་དེས། མདོ་རྒྱུད་དུ་མ་ནས་ལུང་བསྟན་པའི་ར་སྒྲེང་དེ་བོད་ཀྱི་སྡེ་པ་གང་གི་ཡང་ཕྱོགས་སུ་མ་ཆད་པ། བི་ཀྲ་མ་ལ་ཤི་ལའི་གནས་ཆུང། ཇོ་བོའི་གདན་ས། རྣལ་འབྱོར་པ་གོང་འོག་རྣམས་ཀྱི་སྒྲུབ་གནས། བོད་ཀྱི་སྤྱི་མཆོད་ཅིག་བྱུང་གསུང། དེ་ཡང་སྔོན་གྱི་ཡི་གེ་ལས། ཆོས་ཀྱི་རྒྱལ་པོ་སྲོང་བརྩན་བགམ་བཙན་སྒམ་པོ་བྱང་དུ་མི་རྒོད་འདུལ་བ་ལ་བྱོནདུས། ར་སྒྲེང་དུ་ཕེབས་ཏེ་དབུ་སྐྲ་གཏོར་ནས། འདི་སྤོས་ཤིང་རྒྱས་པར་གྱུར་པའི་ཚེ་