R161: བཀའ་གདམས་རིན་པོ་ཆེའི་ཆོས་འབྱུང་རྣམ་ཐར་ཉིན་མོར་བྱེད་པའི་འོད་སྟོང་།

  • Pagination (Witness A): ༤༩བ
[A:༤༩བ] གནས་འདིར་ངའི་སྤྲུལ་པ་འབྱུང་ཞེས་གསུང་བ། བཤེས་གཉེན་སྟོན་པ་ཡིན་པར་བཞེད་དོ། འདིར་སྨྲས་པ། སྤྱན་རས་གཟིགས་དབང་སྔོན་ཚེ་ཆོས་རྒྱལ་ཚུལ། དིང་སང་རྒྱལ་བའི་འབྱུང་གནས་སྐུར་བསྟན་ཅིང། འཇིག་རྟེན་དབང་ཕྱུག་སྲིད་མཐའི་བར་དུ་ནི། འགྲོ་བའི་དོན་མཛད་སུ་ཡིས་དཔག་པར་ནུས། དེར་སངས་རྒྱས་ཀྱི་བསྟན་པ་ཨ་ཏི་ཤའི་ཆོས་སྲོལ་དྲི་མ་མེད་པ་རྣམས་གཙུགས་ཏེ། སྤྱིར་ལས་དང་སྐལ་ལྡན་གྱི་སློབ་མ་བརྒྱད་བཅུ་ཙམ་སྨིན་པར་མཛད་ཅིང། ཁྱད་པར་དུ་སྐུ་མཆེད་རིན་པོ་ཆེ་གསུམ་ཇོ་བོ་ཉིད་ཀྱིས་སྙེ་ཐང་དུ་ལུང་བསྟན་ཏེ། འབྲོམ་རྗེ་ཐུབ་པའི་བསྟན་པ་ལྔ་སྟོང་གནས། འོན་ཀྱང་བོད་དུ་ཆོས་སྤྱོད་ཇི་ལྟར་དར། བདག་གིས་བསྟན་པ་དཀྲོངས་བསྐྱེད་བྱས་པ་ཡིན། ད་ནི་ལེགས་པར་གཞི་བཞེངས་ཚར་བ་ཡིན། ཆོས་འདི་ལེགས་པར་བསྐྱོངས་སྐྱོངས་ཤིག་རྒྱལ་བ་འབྲོམ། མཐའ་རྒྱ་བྱང་ནས་བཀྱེད་ཅིག་སྙིང་སྟོབས་ཅན། ལོ་རྒྱུས་རྣམ་ཐར་ཟུང་ཞིག་ཁྲེལ་གཞུང་ཅན། ཕ་གཅིག་བུ་གཅིག་ཡིན་ནོ་སྙིང་ལ་སོམས། ཤེས་ཞེས་དང། བདག་གི་བསྟན་པ་འདི་ནི་ཁྱོད་ལ་གཏད། ལོ་སྐོར་གཅིག་གི་བར་དུ་བྱང་ཕྱོགས་སུ། ཚོན་གྱི་ཆར་པ་ཕོབ་ལ་གཞན་དོན་མཛོད། དེ་ནས་ཁྱོད་ཀྱི་ཡོན་ཏན་མ་ལུས་པ། གང་ཟག་གཅིག་གིས་བླང་བར་མི་ནུས་ཀྱི། ལས་ཅན་བརྒྱད་བཅུར་བགོས་ལ་མཐའ་རྒྱ་བཀྱེད། གཙོ་བོར་སྤྲུལ་པའི་སྐུ་མཆེད་གསུམ་པོ་ལ། གཞུང་དང་མན་ངག་ཐུན་མོང་གསུམ་བྱིན་ལ། ལྷག་ཆད་མེད་པར་རང་གི་གདན་ས་གཏོད། གནས་ཀྱི་གདན་སར་ཨ་མེས་ཆེན་པོ་བསྐོས། དེ་ནས་ཞེན་ཅིང་ཆགས་པ་མ་བྱེད་པར། དགའ་ལྡན་གནས་སུ་བདག་གི་དྲུང་དུ་ཤོག། ཅེས་བཤེས་གཉེན་སྟོན་པ་བསྟན་པའི་བདག་པོར་བྱིན་གྱིས་བརླབས་ཤིང། ཆོས་ཀྱི་གདན་ས་སྐུ་མཆེད་གསུམ་དང། གནས་ཀྱི་གདན་ས་རྣལ་འབྱོར་པ་དང།