R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༠
[A:༡༠]ཞིང༌། ཁྱད་པར་དཔལ་རྡོ་རྗེ་གཞོན་ནུའི་སྨིན་གྲོལ་རྣམས་ཞུས་ཏེ་རིམ་གཉིས་བཟླས་པ་དང་བཅས་པ་ལྷུར་མཛད། རྩིས་ཀྱི་མཆོད་རྟེན་ནག་པོ་ནས་སློབ་དཔོན་ཆེན་པོ་པདྨའི་བསྙེན་ཕུར་མེ་འབར་བཞིན་པ་གཏེར་ནས་སྤྱན་དྲངས། དགུང་ལོ་བརྒྱད་ཅུ་གྱ་ལྔ་བཞེས་ནས་ཀྱང་སྐུ་ཡང་ཟོར་ཆེ་ཞིང༌། དབང་པོ་དངས་པ་སོགས་གྲུབ་པའི་མཚན་མས་ཕྱུག་པ་ཞིག་ཡིན་ལ། དེའི་གཅུང་ནང་སོ་མགོན་པོ་རིན་ཆེན་པ་ནི། བློ་རྩལ་དང་གདོང་ངར་བསམ་གྱིས་མི་ཁྱབ་པས། སྐྱེས་ཐོག་དེ་ལ་འགྲན་པར་ཕོད་པ་སུ་ཡང་མ་བྱུང་ཞིང༌། དཔལ་ཕྱག་ན་རྡོ་རྗེས་རྗེས་སུ་བཟུང༌། ནག་པོ་ཆེན་པོ་དངོས་སུ་ཞལ་གཟིགས་པས་ཐལ་མོ་བརྡབས་པ་ཙམ་གྱིས་ལོག་པར་ལྟ་བ་རྣམས་ཚར་གཅོད་ནུས་པ་དང༌། བྱ་གླག་སོགས་ཀྱིས་སེམས་ཅན་ལ་གནོད་པ་བྱེད་པ་གཟིགས་པ་ན་དགུག་གཞུག་གི་ཕྱག་རྒྱ་སྔགས་དང་བཅས་པ་མཛད་པ་ཙམ་གྱིས་ས་ལ་ལྷུང་ཡོང་བ་སོགས་དྲག་སྔགས་ཀྱི་ནུས་པ་མཐར་ཕྱིན་པ་ཞིག་བྱོན། གསུམ་པ་ནི། འཇམ་དབྱངས་ཀུན་དགའ་བློ་གྲོས་ཞེས་བྱ་སྟེ། བདེ་བར་གཤེགས་པའི་གསུང་རབ་རབ་འབྱམས་ཀྱིས་མགུར་གྱི་བུམ་པར་ཕྱུག་ཅིང༌། རིག་པའི་ལྟ་ཟེར་གཞན་གྱིས་མི་བཟོད་པས། མཁས་པ་དང་རློམ་པའི་སྐྱེ་བོ་ཕལ་མོ་ཆེའི་སྙིང་འདར་བར་བྱེད་པའི་སྤོབས་པ་ཅན། གནས་གསར་ཆོས་མཛད་ཅེས་གངས་ཅན་གྱི་ལྗོངས་ན་ཉི་མ་ལྟར་གྲགས་པ་དེ་ཉིད་ཡིན་ནོ། །ལྕམ་ཆེ་བ་ནི་སློབ་དཔོན་པདྨས་སྒྲོལ་དཀར་གྱི་སྤྲུལ་པར་ལུང་བསྟན་ཞིང་སྡེ་སྲིད་ཆེན་པོ་ཤར་པ་བའི་ཁབ་ཏུ་བྱོན། ཕྱོགས་དེའི་གསང་སྔགས་རྙིང་མ་པ་མཐའ་དག་གི་དཔུང་གཉེན་མཛད། རྙིང་མའི་རྒྱུད་འབུམ་བཞེང་པ་དང༌། པཎ་ཆེན་འབུམ་ཕྲག་གསུམ་པ་སྤྱན་དྲངས་ནས་བཀའ་བརྒྱད་ཀྱི་ཆོས་འཁོར་བསྐོར་བའི་བདག་རྐྱེན་ལ་བརྟེན་ནས་དེང་སང་གི་བར་དུ། སྔགས་