R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A):
[A:༩]ལྡན་ཤེས་རབ་ལ་གསེར་སྲང་བཅུ་བདུན་ཕུལ་ནས་རྒྱ་གར་དུ་བརྫངས། མཁས་པར་གྱུར་ནས་མཆོད་ཡོན་མཛད་པར་ཞལ་བཞེས་པ་བཞིན། རྔོག་ལོ་ཆེན་པོ་བོད་དུ་བྱོན་དུས། ཆོས་འཁོར་ཐོག་མ་ཡང་འདོལ་ཆུང་དུ་སྐོར། ཁྱད་པར་ཇོ་བོ་བློ་གྲོས་ཀྱིས་སློབ་དཔོན་ཆེན་པོ་པདྨས་བྱིན་གྱིས་བརླབས་ཤིང༌། ནག་པོ་ཆེན་པོ་མངོན་དུ་བཞུགས་པའི་གནས། ཉང་བར་རྩིས་ཀྱི་ལྷ་ཁང་ཞེས་བྱ་བའི་འགྲམ་དུ་གནས་གཞི་བཏབ་པས་གནས་གསར་དུ་གྲགས་པ་དེར་བཞུགས་ནས་ལུགས་གཉིས་ཀྱི་བྱ་བ་རྒྱས་པར་མཛད་པས་རྩིས་གནས་གསར་པ་ཞེས་ཡོངས་སུ་གྲགས། འ་ཞྭ་ནམ་མཁའ་རྒྱལ་མཚན། ནམ་མཁའ་བཟང་པོ། ཤཱཀྱ་སེང་གེ་སོགས་ཀྱིས་དཔལ་ལྡན་ས་སྐྱ་པའི་ཞབས་འདེགས་མཛད། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དང༌། ཏི་ཤྲི་ཀུན་བློ་སོགས་ཀྱིས་ཉང་གཞུང་ཚང་མ་ལ་ཤེས་སུ་བཅུག་པའི་འཇའ་ས། གསེར་གྱི་དམ་ཁ། ཤེལ་གྱི་ཉི་ཤན། དངུལ་གྱི་སྒོར་མོ་ལུང་དང་བཅས་པའི་ལུང་ལག་རྟགས་རིམ་པར་གནང་སྟེ་གནས་གསར་སྟོང་དཔོན་དུ་གྲགས། མདོར་ན་ཆེ་གཉན་བཙུན་གསུམ་འཛོམ་པ་རྒྱལ་པོའི་བརྒྱུད་པ། མཐུ་རྩལ་ནུས་པར་ལྡན་པ་སྔགས་པའི་བརྒྱུད་པ། དཔལ་རྩལ་གདོང་ངར་དང་ལྡན་པ་གེ་སར་གྱི་བརྒྱུད་པ་ཞེས་ཡོན་ཏན་གྱི་ལྡོག་པས་གསུམ་དུ་ཕྱེ་བ་ཚང་བ་ཞིག་རིམ་བཞིན་བྱོན་པ་ལས། སྟོང་དཔོན་ཀུན་དགའ་རྡོ་རྗེའི་སྲས་ནང་སོ་ཆོས་ཀྱི་རྒྱལ་པོའི་ཁབ་ཏུ། དཔལ་ལྡན་ས་སྐྱ་པའི་བདག་མོ་རྡོ་རྗེ་ཕག་མོའི་རྣམ་འཕྲུལ་དུ་གྲགས་པ་དཔལ་ལྡན་འཛོམ་པ་ཕེབས་པ་ལས་སྲས་ལྕམ་སྲིང་བརྒྱད་བལྟམས་པའི་བགྲེས་པ་ནང་སོ་རྣམ་རྒྱལ་དཔལ་བཟང་པོ་བ་ནི། རང་གི་ཞང་པོ་བདག་ཆེན་འཇམ་དབྱངས་ཆེན་པོ་ཡབ་སྲས་གསུམ་ལས་ཟབ་ཆོས་དུ་མ་གསན་