R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༡
[A:༡༡]འཆང་རྣམས་གཞན་ལས་ཁྱད་དུ་འཕགས་པའི་རྒྱུན་མ་ཉམས་པ་སོགས་བསྟན་པ་ལ་བྱ་བ་ལྷག་པར་མཛད། གཅིག་ནི་བཀའ་བརྒྱུད་བསྟན་པའི་བདག་པོ་འབྲུག་པ་དཔོན་རིན་པོ་ཆེའི་ཁབ་ཏུ་བཞེས་ནས་ཡུམ་བདག་མེད་མའི་རྣམ་འཕྲུལ་དུ་གྲགས། ལྕམ་གསུམ་གྱིས་འཇིག་རྟེན་བྱ་བ་སྒྲུབ་པར་དཀའ་ལ་འགྲུབ་ཀྱང་དོན་མེད་པ། སྡུག་ལ་སྐྱིད་པོར་འཛིན་པའི་ཟིར་ལོང་ཐམས་ཅད་རྒྱབ་ཏུ་བོར་ནས་སྒྲུབ་པ་སྙིང་པོར་མཛད་དེ། དེ་ཡང་གཅིག་གིས་ནི་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞབས་བསྟེན་ནས། གསུང་ངག་རིན་པོ་ཆེ་ལ་ཐུགས་དམ་སྙིང་པོར་མཛད་དེ། སྐུ་གཤེགས་པའི་ཚེ། སྙེལ་བ་སོགས་ཅི་ཡང་མེད་པར། ཚེས་བཞི་མཆོད་པའི་ཉིན། ཅུང་ཟད་ཙོག་པུར་བཞུགས་འདུག་པའི་ཚེ། ཐག་སྒྲ་དང་བཅས་དབུ་གཙུག་ནས་ཐོད་པ་སོར་བཞི་ཙམ་གར་སོང་མེད་པར་རྒྱ་མཐོང་ཕྱེ་བ་ཧ་རེ་ལས་པ་དེ་ལྟ་བུའི་ངང་ནས་འདའ་ཁ་མས་གྲུབ་མཐའ་སྙོགས་པ་ཡིན་ལ། གཉིས་ཀྱིས་ནི། ཤར་ཀ་ཐོག་ཆོས་ཀྱི་རྒྱལ་པོ་བཞག་བླ་ཡེ་ཤེས་འབུམ་དང༌། མཆོག་གི་སྤྲུལ་སྐུ་པདྨ་གླིང་པ་མཉེས་པར་མཛད་དེ། ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་པའི་རྣལ་འབྱོར་དབང་མོ་ཀུན་དགའ་ཆོས་ལྡན་དང༌། ནེ་གུ་ཆོས་ཀྱི་སྒྲོན་མ་ཞེས་གྲགས་པ་གཉིས་བྱུང་བར་གདའ། དེ་ལས་ནང་སོ་སྐུ་མཆེད་ཀྱི་ཁབ་ཏུ། དཔལ་ལྡན་ས་སྐྱ་པའི་ཉེ་གནས་ཆེན་པོ་ནང་སོ་ལྷ་ཁང་ཆེན་མོ་བའི་སྲས་མོ་དཔལ་འཛོམ་པ་ཞེས་བྱ་བ་ཁབ་ཏུ་བཞེས་པ་ལས། བདག་གི་ཡབ་བལྟམ་པ་ཡིན་ཏེ། དེ་ནི་བྱིས་པའི་དུས་ཉིད་ནས་རྒན་པའི་སྐྱེ་བོ་