R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༡༢
[A:༡༢]ཐམས་ཅད་ཟིལ་གྱིས་གནོན་པར་ནུས་པའི་བློ་གྲོས་དང༌། སྒམ་ཞིང་བརྟན་ལ་མཐུ་སྟོབས་ཕུན་ཚོགས་པས། ཡི་གེ་དང༌། རྩིས་དང༌། བརྟག་པ་རྣམ་པ་བརྒྱད་ལ་སོགས་པ་ལུགས་ཀྱི་བསྟན་བཅོས་ཐམས་ཅད་བདེ་བླག་ཏུ་མཁྱེན་ནས། ལུགས་གཉིས་ཀྱི་སྤང་བླང་ཕྲ་མོ་ཚུན་ཆོད་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་ཐོབ། མཚན་ལྷུན་གྲུབ་ནམ་མཁའ་རྡོ་རྗེ་ཚེ་བརྟན་དཔལ་འབྱོར་བཟང་པོ་ཞེས་གྲགས། བདག་ཆེན་འཇམ་དབྱངས་ཆེན་པོ་ཡབ་སྲས་གསུམ། ལྕེ་སྟོན་རིན་པོ་ཆེ་སེང་གེ་ཡབ་སྲས། པཎ་ཆེན་བསོད་ནམས་བློ་གྲོས། མཁས་གྲུབ་ཆོས་ཀྱི་དབང་ཕྱུག །རྗེ་བཙུན་རྡོ་རིང་པ་ཆེན་པོ། མཁན་ཆེན་དཀོན་མཆོག་ཚུལ་ཁྲིམས། རྗེ་བྱ་བཏང་ཀུན་དགའ་ཆོས་ལྡན། རྣལ་འབྱོར་དབང་ཕྱུག་ཀུན་དགའ་རྒྱལ་མཚན། སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན། བདག་ཆེན་ཐམས་ཅད་མཁྱེན་པ། རི་ཁྲོད་པ་ཉི་མ་གྲགས་པ། མཐུ་སྟོབས་དབང་ཕྱུག་དཀར་ཆེན་ཀུན་དགའ་གྲགས་སོགས་ལས་སྔ་ཕྱིར་ཆོས་མང་དུ་གསན། ཁྱད་པར་དགུང་ལོ་བཅུ་གསུམ་པ་ལ་རང་གི་ཨ་ནེ་འཁྲུལ་ཞིག་ཀུན་དགའ་ཆོས་ལྡན་ལས་རྫོགས་པ་ཆེན་པོ་སངས་རྒྱས་མཉམ་སྦྱོར་གྱི་འཁྲིད་བསྐྱངས་པས། ཉམས་གོང་འཕེལ་གྱི་སྣང་བ་མངོན་དུ་གྱུར། གཞན་ཡང་ཞི་ཁྲོ་དགོངས་པ་རང་གྲོལ་དང༌། སྤྱོད་ཡུལ་སོགས་ཁྲིད་དུ་མ་གསན་ཞིང༌། ཉམས་སུ་བླངས་པས་སྒྱུ་ལུས་རྨི་ལམ་ལ་རང་དབང་ཐོབ་སྟེ་ལྕང་ལོ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་དུ་མར་ཡང་བྱོན།